ཀྲུང་གོ་བད་ཀྱི་དྲ་་བ།

མངའ་རིས་འཁོར་ཆགས་མ་ཎིའི་སྐོར་མདོར་ཙམ་གླེང་བ།

ཡོང་ཁུངས། : བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག》༢༠༢༢ལོའི་དུས་དེབ་བཞི་པ་ནས་དྲངས། རྩོམ་པ་པོ། : བསྟན་འཛིན་ཡེ་ཤེས། སྤེལ་དུས། : 2023-06-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ནང་དོན་གནད་བསྡུས།འཁོར་ཆགས་མ་ཎི་ནི་བོད་ཀྱི་ཨ་ཅེ་ལྷ་མོའི་སྒྱུ་རྩལ་ཁྲོད་དམིགས་བསལ་ཁྱད་ཆོས་ལྡན་པའི་ཚོགས་པ་ཞིག་སྟེ། དེ་ནི་དེང་གི་མངའ་རིས་ས་ཁུལ་དུ་དར་བའི་ཨ་ཅེ་ལྷ་མོའི་ཚོགས་པ་གཅིག་པུ་དེ་ཡིན། འཁོར་ཆགས་ཡུལ་དུ་ཨ་ཅེ་ལྷ་མོར་མ་ཎི་ཞེས་འབོད་ཅིང་། དེའི་འབྱུང་ཁུངས་ནི་ལ་དྭགས་སྤྱི་ཏིའི་ཡུལ་གྱི་སྤྱི་ཏི་ལོ་ཆེན་ཞེས་པའི་འཁྲབ་རྒྱུན་དེ་ཡིན་པར་བཞེད་ལ་ད་བར་ལོ་ངོ་བརྒྱ་ལྷག་གི་ལོ་རྒྱུས་ལྡན། རྩོམ་དེར་གཙོ་བོ་འཁོར་ཆགས་མ་ཎིའི་བྱུང་བ་དང་ཁྱད་ཆོས་སོགས་གླེང་ནས་འཁོར་ཆགས་མ་ཎིའི་སྤྱིའི་རྣམ་པ་གསལ་སྟོན་གནང་འདུག

བརྡ་ཆད་གཙོ་བོ།འཁོར་ཆགས་མ་ཎི།   ཨ་ཅེ་ལྷ་མོ།  བུ་ཆེན།   ལོ་ཆེན།   རྣམ་ཐར།  མངའ་རིས།

བོད་ཁ་བ་གངས་ཅན་གྱི་ལྗོངས་དེ་སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་ཏུ་དབྱེ་བ་ལས། ཡུལ་ལུང་ཀུན་ལ་རང་རང་གི་ཁྱད་ཆོས་ཟབ་མོ་ལྡན་པའི་སྒྱུ་རྩལ་རྣམ་པ་མང་དག་ཅིག་བྱུང་ཡོད། དེ་དག་གི་ཁྲོད་ཨ་ཅེ་ལྷ་མོ་ཞེས་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་ཤེས་རབ་ཀྱི་རྩལ་ལས་འཁྲུངས་པའི་ཤེས་རིག་གི་ནོར་བུ་དེ་ནི། དབུས་གཙང་གིས་ལྟེ་བར་བྱས་པའི་ཡུལ་གྲུ་ཁག་དང་། ཁམས་ཀྱི་བྲག་གཡབ། འབའ་ཐང་། ལི་ཐང་། དེ་བཞིན་སྟོད་མངའ་རིས་ཀྱི་སྤུ་རངས། ཧི་མ་ལ་ཡའི་རི་རྒྱུད་དུ་གནས་པའི་ཡུལ་ཚོ་མང་དག་ཅིག་ལ་དར་ཁྱབ་བྱུང་ཞིང་། ཡུལ་ལུང་དེ་དག་གི་མང་ཚོགས་རྣམ་པས་དད་ཞེན་ཆེན་པོ་བྱེད་མུས་སོ། ། སྤྱིར་བོད་ཀྱི་ཨ་ཅེ་ལྷ་མོའི་སྒྱུ་རྩལ་དེ་ལ་འཁྲབ་རྒྱུན་མི་འདྲ་བ་མང་དག་ཅིག་ལ་དབྱེ་རུང་། དེ་རིང་སྐབས་སུ་བབ་པའི་བརྗོད་བྱའི་སྙིང་པོ་ནི་སྟོད་མངའ་རིས་སྐོར་གསུམ་གྱི་ཡ་གྱལ་སྤུ་རངས་རྒྱལ་རབས་སུ་གྲགས་པའི་མངའ་ཁོངས། བསྟན་པ་ཕྱི་དར་གྱི་ཆུ་མགོམཐོང་གྲོལ་དངུལ་སྐུ་མཆེད་གསུམ་གྱི་བཞུགས་ཡུལ། དཔལ་འཁོར་ཆགས་ཀྱི་ཡུལ་དུ་དར་བའི་འཁོར་ཆགས་མ་ཎིའམ་འཁོར་ཆགས་ཨ་ཅེ་ལྷ་མོའི་སྐོར་བརྗོད་པ་དེའོ། །འཁོར་ཆགས་མ་ཎི་སྐོར་བརྗོད་པ་ལ་གསུམ་སྟེ། དང་པོ་བྱུང་བ་གླེང་བ་དང་། གཉིས་པ་ཐུན་མིན་ཁྱད་ཆོས་གླེང་བ། གསུམ་པ་མཐའ་དཔྱོད་བཅས་སོ། །

དང་པོ། འཁོར་ཆགས་མ་ཎིའི་བྱུང་བར་བཤད་པ།

དང་པོ་འཁོར་ཆགས་མ་ཎིའི་བྱུང་བ་འཆད་པ་ལ་གཉིས་ཏེ་ཨ་ཅེ་ལྷ་མོར་མ་ཎི་ཞེས་འབོད་པའི་སྐོར་དང་། འཁོར་ཆགས་ཡུལ་གྱི་མ་ཎིའི་བྱུང་བའོ། །

གཅིག ཨ་ཅེ་ལྷ་མོར་མ་ཎི་ཞེས་འབོད་སྲོལ་གླེང་བ།

འཁོར་ཆགས་ཡུལ་དུ་དར་བའི་ཨ་ཅེ་ལྷ་མོར་དམངས་ཁྲོད་དུ་ལྷ་མོ་ཞེས་མི་འབོད་པར་མ་ཎི་ཞེས་འབོད་ཀྱི་ཡོད། འབོད་སྲོལ་དེ་ནི་འཁོར་ཆགས་ཡུལ་དེ་ཡི་དམིགས་བསལ་ཁྱད་ཆོས་ཤིག་མ་ཡིན་པར། སྟོད་ཀྱི་ཕྱོགས་ལ་གནས་པའི་ཡུལ་ལུང་ཀུན་གྱི་ཐུན་མོང་གི་འབོད་སྲོལ་ཡ་མཚན་ཞིག་ཡིན[1]

ལ་སྟོད་ལྷོ་བྱང་གིས་གཙོས་པའི་སྟོད་ཀྱི་ས་ཁུལ་ཁག་ཏུ། ཨ་ཅེ་ལྷ་མོར་དམིགས་བསལ་གྱི་འབོད་སྟངས་ཤིག་ཡོད་པ་དེ་ནི་མ་ཎི་ཡིན། ཡུལ་ལུང་དེ་དག་གི་ཁ་སྐད་དུ་མ་ཎས་སམ་མ་ཎ་ཞེས་འབོད་ཀྱི་ཡོད། དབུས་གཙང་གི་ཁ་སྐད་ནང་མ་ཎི་ཞེས་པ་དེར་བདག་སྒྲ་ལ་འཇུག་པ་དང་མིང་ཚིག་ལ་འཇུག་པ་གཉིས་ཡོད་དེ། བདག་སྒྲར་འཇུག་པ་ནི་མ་ཎི་བསགས་མཁན་ནམ་བླ་མ་མ་ཎི་བར་བརྗོད་ཅིང་། མིང་ཚིག་ཏུ་འཇུག་པ་ནི་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་སྙིང་པོ་མ་ཎི་ཡིག་དྲུག་དང་མ་ཎི་བསགས་སྦྱང་བྱེད་མཁན་གྱི་སྐྱིད་སྡུག་ལ་ཟེར། ས་ཁུལ་མང་ཆེ་བར་མ་ཎི་ཞེས་པ་གོང་གི་འགྲེལ་པ་དག་མ་གཏོགས་ཟློས་གར་དང་འབྲེལ་བ་ཡེ་ནས་བྱེད་ཀྱི་མེད་རྐྱེན། མི་མང་པོ་ཞིག་གིས་སྟོད་ཁུལ་དུ་མ་ཎི་ཞེས་འབོད་པའི་ཨ་ཅེ་ལྷ་མོ་སྒྱུ་རྩལ་དག་ནི་མ་ཎི་བསགས་པའི་ཆོ་ག་ཞིག་ཏུ་ངོས་འཛིན་བྱེད་པ་ལས་ཨ་ཅེ་ལྷ་མོ་རྩ་བ་ནས་མིན་པའི་སྣང་བ་ཁྱེར་གྱི་ཡོད། དེ་ནི་ཐ་སྙད་འབོད་སྲོལ་མི་གཅིག་པའི་རྐྱེན་ལས་བྱུང་བ་ཞིག་ཡིན།

ཨ་ཅེ་ལྷ་མོར་མ་ཎི་ཞེས་འབོད་པའི་མགོ་ཁུངས་གང་དུ་ཡིན་ཞེ་ན། གཅུང་རི་བོ་ཆེ་ནས་ཐོག་མར་དར་མ་མིན་ནམ་སྙམ། སྤྱིར་ཡིག་ཆའི་ར་སྤྲོད་གསལ་ཆ་མེད་ཀྱང་ཡུལ་དངོས་རྟོག་ཞིབ་བྱས་པ་བརྒྱུད་དེ་དོན་མང་དག་ཅིག་ལ་གསལ་ཆ་བྱུང་སྟེ། གྲུབ་ཆེན་ཐང་སྟོང་རྒྱལ་པོས་རི་བོ་ཆེའི་གནས་གཞི་བཙུགས་པ་དང་སྐུ་ཚེ་ཕྱིས་ཀྱི་དུས་ཚོད་སྤྱིར་རི་བོ་ཆེ་བཞུགས་ཤིང་དགོངས་པ་ཆོས་དབྱིངས་སུ་ཐིམ་ས་ཡང་གནས་དེ་རང་ཡིན། དེ་ནས་གྲུབ་ཆེན་སྐུ་གཤེགས་པ་ནས་རྗེས་ཀྱི་ལོ་བརྒྱ་ལྷག་ཙམ་ནང་རི་བོ་ཆེ་པ་རྣམས་ཤངས་པ་བཀའ་བརྒྱུད་ཀྱི་ཕྱག་སྲོལ་གནང་ཞིང་། དེ་ནས་རིམ་པར་རྙིང་མ་བྱང་གཏེར་ལ་སྒྱུར་བར་གསུངས། དགོན་པ་དེ་ཡང་ཐོག་མ་ནས་གསེར་ཁྱིམ་ཞེས་གོས་དཀར་ལྕང་ལོའི་སྡེས་སྐྱོང་ཞིང་རིག་གསར་གོང་ཙམ་བར་གནས། སྐབས་དེར་དགོན་པའི་ཕྱི་ནང་གི་ལས་དོན་ཐ་དག་གསེར་ཁྱིམ་པ་དག་གིས་གནང་ཞིང་ལྷག་པར་གཅུང་པའི་ལྷ་མོ་དེ་ཡང་སྔགས་པ་དེ་དག་གིས་འཁྲབ་སྟོན་གནང་གི་ཡོད། དེ་བཞིན་དགོན་པའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་དང་ཡང་སྒོས་དགོན་པའི་ལོ་གཅིག་དུས་གཅིག་གི་དུས་ཆེན་ཏེ་མ་ཎི་བུམ་དབང་ཞེས་པ་ཤིན་ཏུ་རྒྱ་ཆེན་པོ་ཞིག་ཚོགས་དགོས། དུས་ཆེན་དེ་ནི་བོད་ཟླ༡༢པའི་ཚེས་བརྒྱད་ཉིན་ནས་འགོ་ཚུགས་ཏེ་སྨོན་ལམ་དང་སྦྲགས་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་རྣམ་ཐར་ཞལ་ཐང་ཁག་འགྲེམ་ཏེ་བུ་ཆེན[2]བཤད་པ་ཞེས་བླ་མ་མ་ཎི་འཆད་གྱེར་དང་། འཆམ་རྒྱག་པ། ཨ་ཅེ་ལྷ་མོ་འཁྲབ་པ་སོགས་བྱེད་དགོས། དེ་དུས་ཕོ་བ་རྡོ་གཤགས་དང་གྲི་རྩེད་ཤིང་རྩེད་སོགས་རྩེ་བ་མ་ཟད་མ་ཎི་བསགས་པ་སོགས་གནང་། དེ་ལྟར་གསེར་ཁྱིམ་པ་དག་གིས་མ་ཎི་དང་འབྲེལ་བའི་བྱེད་སྒོ་མང་དག་ཅིག་སྤེལ་ཅིང་། མ་ཎི་བུམ་དབང་ཞེས་པའི་དུས་ཆེན་དེ་ཡང་མ་ཎི་དང་འབྲེལ་བ་དམ་ཟབ་ཡོད་པ་སོགས་ཀྱི་ཆ་ནས་ཨ་ཅེ་ལྷ་མོར་མ་ཎི་ཞེས་འབོད་པ་མིན་ནམ་སྙམ།

གཞན་ཡང་ཨ་ཅེ་ལྷ་མོར་མ་ཎི་ཞེས་འབོད་པའི་སྲོལ་དེ་ཨ་ཅེ་ལྷ་མོའི་ཐོག་མའི་རྣམ་པ་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཡིན་པ་སྙམ། སྤྱིར་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་རྣམ་ཐར་ཁག[3]ཏུ་ཁོང་ཉིད་ཀྱིས་ཨ་ཅེ་ལྷ་མོ་ཇི་ལྟར་བཏོད་པའི་སྐོར་གསལ་ཆ་མེད་ཀྱང་། ཁོང་ནི་ཐུགས་རྗེ་ཆེན་པོའི་ཆོས་སྐོར་དང་ལྷག་པར་སྙིང་པོ་མ་ཎི་ཡིག་དྲུག་ཁྱབ་སྤེལ་གཏོང་མཁན་གཙོ་བོ་ཞིག་ཡིན་པ་གསལ་བར་འཁོད་ཡོད། དེས་མ་ཚད་དམངས་ཁྲོད་ངག་རྒྱུན་ལྟར་གྲུབ་ཆེན་ཁོང་ཉིད་ནི་ལོ་ཆེན་བླ་མ་མ་ཎི་བ་ཞིག་ཡིན་པར་གསུངས་ཤིང་།ལོགས་རིས་ལ་བརྟེན་ནས་གཏམ་རྒྱུད་ཤོད་ཅིང་ཞོར་དུ་མ་ཎི་བསྐུལ་བའི་སྲོལ་དེ་ཡང་གྲུབ་ཆེན་གྱིས་དར་སྤེལ་བཏང་གནང་བ་མང་བར་གསུངས་ལ། དམངས་ཁྲོད་དུ་གྲུབ་ཆེན་གྱིས་ལྕགས་སློང་སྐབས་ཐོག་མར་རྔོན་པའི་འདོན་བརྒྱབ་ཅིང་ཆོད་མཚམས་བཀྲ་ཤིས་ཀྱི་རྣམ་ཐར་གྲུབ་རྗེས། བླ་མ་མ་ཎིའི་ལམ་ནས་རྒྱལ་རབས་གཏམ་རྒྱུད་ཤོད་པ་མ་ཎི་བསྐུལ་བ་སོགས་གནང་བའི་གསུང་རྒྱུན་ཡོད། ལྷག་པར་གྲུབ་ཆེན་གྱིས་ཨ་ཅེ་ལྷ་མོ་སྲོལ་བཏོད་སྐབས་ཐོག་མར་བསླབ་གནང་བར་གྲགས་པའི་གླུ་གར་ཏེ། དེང་གི་དུས་སུའང་ལྷ་མོའི་གླུ་གར་དུ་གྲགས་པའི་འཁྲབ་ཚན་དེ་ཡི་རྣམ་ཐར་ཐོག་མ་དེ་ཡང་མ་ཎི་ཡིག་དྲུག་ཡིན་པའི་ཆ་ནས། སྐབས་དེར་གྲུབ་ཆེན་ཉིད་ཀྱིས་སྒྱུ་རྩལ་རྣམ་པ་དེ་དག་གི་ལམ་ནས་མ་ཎི་དར་སྤེལ་ཆེན་པོ་བཏང་གནང་བ་ཤེས་ཐུབ་ལ། མང་ཚོགས་རྣམས་ཀྱིས་ཨ་ཅེ་ལྷ་མོར་ཡང་མ་ཎི་ཞེས་བརྗོད་པ་ཡང་རྒྱུ་མཚན་དེ་ལྟར་ཡིན་པར་སེམས།

གཉིས། འཁོར་ཆགས་མ་ཎིའི་བྱུང་བ་གླེང་བ།

འཁོར་ཆགས་མ་ཎིའི་བྱུང་བ་གླེང་བ་ལ་ཐོག་མར་འཁོར་ཆགས་ཡུལ་དང་འབྲེལ་བའི་གཏམ་འགའ་འཆད་པར་བྱའོ། །འཁོར་ཆགས་ཡུལ་ནི་སྟོད་མངའ་རིས་སའི་ཆ་གངས་དཀར་ཏི་སེའི་ལྷོ་ཕྱོགས་སྤུ་རངས་ཞེས་སྤུར་རྒྱལ་བཙན་པོའི་གདུང་རྒྱུད་སྐྱིད་ལྡེ་ཉི་མ་མགོན་གྱི་བཞུགས་གནས་དཀར་དུང་སྐུ་མཁར་ཉི་བཟུང་གི་ལྷོ་ཕྱོགས་སུ་གནས། ཁྲི་དར་མ་འུ་དུམ་བཙན་པོ་ལྷ་ལུང་དཔལ་གྱི་རྡོ་རྗེས་བཀྲོངས་ཕྲལ་སྲས་གཉིས་ཀྱིས་དབུ་གཡོ་བཟུང་སྟེ་རིམ་བཞིན་འཁྲུག་པ་དང་། མངའ་བདག་དཔལ་འཁོར་བཙན་གྱི་བརྒྱུད་པ་ཁྲི་བཀྲ་ཤིས་བརྩེགས་པ་དཔལ་དང་སྐྱིད་ལྡེ་ཉི་མ་མགོན་སྟོད་ཀྱི་ཁུལ་དུ་ཕེབས་ཏེ་རང་རང་གི་གནས་གཞི་བཙུགས། སྐྱིད་ལྡེ་ཉི་མ་མགོན་གྱིས་མངའ་རིས་དཀར་དུང་དུ་རྒྱལ་ས་བཙུགས[4]ཡུལ་དེ་དག་གི་སྟོང་སྡེ་བཅུ་ཡི་ས་ལ་དབང་བསྒྱུར་ཏེ་སྟོད་ཁུལ་གྱི་ས་ཁུལ་དེ་དག་ལ་མངའ་རིས་ཞེས་ཐོག་མར་བརྗོད་པ་རྒྱ་བོད་ཡིག་ཚང་ཆེན་མོར3851;གི་དབང6;་རྣམས་;ྐོར་རེ་གནང་བས། བོད་གངས་ཅན་གྱི་ལྗོངས་ཀྱི་ལོ་རྒྱུས་ཐོག་མངའ་རིས་སྐོར་གསུམ་ཞེས་པའི་རྗེས་གྲུབ་ཀྱི་ཐ་སྙད་དེ་ཡང་དུས་དེ་ནས་བྱུང་འགོ་བརྩམས་པ་ཡིན།[5] མངའ་རིས་སྐོར་གསུམ་གྱི་བགྲང་ཚུལ་ལ་བཞེད་པ་མི་འདྲ་བ་མང་ཙམ་མཆིས་ཏེ་དེར་ཡིག་རྫོབས་ལ་དོགས་ནས་མ་བཀོད་དོ། ། ཡིན་ཡང་སྤུ་རང་གི་ཡུལ་དེ་བར་པ་བཀྲ་ཤིས་མགོན་གྱིས་མངའ་མཛད་པ་ཡོངས་གྲགས་སུ་མཆིས། སྤུ་རངས་ཡུལ་ལ་འབོད་སྲོལ་མི་འདྲ་མང་ཙམ་སྣང་སྟེ། པུ་རང་། པོ་རོང་། པུ་རངས། སྤུ་རངས། སྤུ་ཧྲེང་སོགས་དེང་གི་དུས་སུ་བཀོལ་ཤས་ཆེ་བའི་སྤུ་ཧྲེང་ཞེས་བྱ་བའི་སྐད་དོད། འདིར་སྤུ་རངས་ཞེས་བཀོད་པ་ནི་ཡུལ་མིའི་ཁ་རྒྱུན་དུ་ད་དུང་དེ་ལྟར་འབོད་པས་རང་སོར་བཞག་པའོ། །

སྤུ་རངས་ཡུལ་ནི་ཁ་བབ་ཀྱི་ཆུ་བོ་ཆེན་པོ་བཞི་ལས་རྨ་བྱ་ཁ་བབ་ཀྱི་བཞུར་རྒྱུན་དུ་ཆགས་ཏེ་ས་རྒྱ་ཆེ་ལ་མི་གྲོང་སྟུགསྤུ་རངས་ཡུལ་ལ་བསྡོམས་ནས་ཡུལ་ཚོ་དྲུག་ཡོད་དེ། འཁོར་ཆགས། སྟོད་ཡུལ། སྐྱིད་རང་། ཁྲི་སྡེ། ཞི་སྡེ། རི་ཁུག་བཅས་ཡིན། འཁོར་ཆགས་དེ་ཡང་སྤུ་རངས་ཚོ་དྲུག་གི་ཡ་གྱལ་ཞིག་གོ། འཁོར་ཆགས་ཞེས་པའི་འབྲི་སྲོལ་ཐད་ཡིག་རྙིང་ཁག་ཏུ་ཁྭ་ཆར་དང་ཁ་འཆར། ཁ་ཆར[6]སོགས་འབྲི་སྲོལ་མཆིས་ལ་དེང་སྤྱོད་པའི་འཁོར་ཆགས་ཞེས་པའི་སྐད་དོད་དེ་ནི་འཁོར་ཆགས་ཇོ་བོའི་དངུལ་སྐུ་གདན་དྲངས་པའི་ལོ་རྒྱུས་དང་འབྲེལ་བ་ཡོད་དེ། དུས་རབས་བཅུ་པའི་དུས་མཇུག་ཏུ་སྤུ་རངས་རྒྱལ་པོ་འཁོར་རེའམ་ལྷ་བླ་མ་བྱང་ཆུབ་འོད་ཀྱིས་བཞེར་མགར་ཚང་གླིང་ནས་ཇོ་བོ་འཇམ་དཔལ་གྱི་སྐུ་ལུགས་མ་ཀེར་བཞེངས་ཤིག་ཤིང་རྟ་འཁོར་ལོའི་སྟེང་དུ་བཞག་སྟེ་རྒྱལ་པོ་བཞུགས་གནས་དཀར་དུང་དུ་གདན་འདྲེན་ཞུ་སྐབས་སུ་གནས་བྱེ་མ་ཐང་གི་ཁྱད་འཕགས་གནས་རྡོ་ཨ་མོ་ལི་ཀར་ཐོག་ནས་ཡར་བྱོན་མ་ཐུབ་པས་འཇམ་དཔལ་དངུལ་སྐུ་གསུང་བྱོན་ནས་ང་འདིར་འཁོར་ཞིང་། འདིར་ཆགས་སོ་ཞེས་གསུང་བྱོན་པས་འཁོར་ཆགས་ཞེས་མིང་ཐོགས་པ་ཡིན་ནོ་ཞེས་ངག་དབང་བསོད་ནམས་རྒྱལ་མཚན་གྱིས་མཛད་པའི་ལྷར་བཅས་འགྲོ་བའི་མཆོད་སྡོང་ཇོ་བོ་མཆེད་གསུམ་སྔོན་བྱུང་རབས་བརྗོད་པ་བེེཌཱུརྱ་སྔོན་པོའི་པི་ཝང་ཞེས་པར་གསལ། ལྷག་པར་རྟེན་མཆོག་འདི་ལ་ལོ་ཙཱ་བ་རིན་ཆེན་བཟང་པོས་རབ་ཏུ་གནས་བར་བྱ་བར་གསུངས། དགོན་པ་དེ་ཡང་སྤུ་རང་ཁུལ་གྱི་སངས་རྒྱས་ཆོས་ལུགས་ཀྱི་དགོན་སྡེ་སྔ་ཤོས་དེའོ།[7]ཡུལ་དེར་ལོ་ཆེན་རིན་ཆེན་བཟང་པོ་ཐོག་མར་བཀའ་གདམས་པའི་ལུགས་འཛིན། དེ་ནས་འབྲི་གུང་དཀར་བརྒྱུད། དུས་རབས་བཅོ་ལྔ་པའི་སྐབས་གློ་སྨོན་ཐང་དང་སྤུ་རངས་བར་ལ་གཡུལ་ངོ་ཆེ་ཙམ་བྱུང་ནས་སྤུ་རང་རྒྱལ་པོ་ཕམ་སྟེ་འཁོར་ཆགས་སོགས་ས་རྒྱ་ཕོན་ཆེན་གློ་རྒྱལ་པོར་ཤོར། གློ་རྒྱལ་པོ་ནི་ས་སྐྱ་ངོར་པ་ལ་དད་པ་ཤིན་ཏུ་ཆེ་ཞིང་ངོར་པའི་གྲགས་ཅན་བླ་མ་མང་པོ་གློ་བོར་གདན་དྲངས་ནས་ཆོས་ཞུ་བ་དང་སྦྲགས་སྤུ་རང་གི་འཁོར་ཆགས་དགོན་པ་དེའང་ས་སྐྱ་ངོར་དགོན་པའི་དགོན་ལག་ཏུ་བསྒྱུར་ཅིང་དེ་ནས་བླ་རབས་གཏོང་འགོ་བཙུགས[8]དེ་ནས་དེང་བར་ས་སྐྱ་ངོར་པའི་ཕྱག་སྲོལ་བསྐྱངས་ཤིང་། སྤྲུལ་སྐུ་ཡང་རིམ་པར་བྱུང་སྟེ་སྤྲུལ་སྐུ་དང་པོ་འཇམ་དཔལ་བསྟན་འཛིན་དབང་པོ་དང་། གཉིས་པ་ངག་དབང་གཞན་ཕན་རྒྱ་མཚོ། གསུམ་པ་རྣམ་རྒྱལ་ཚེ་དབང་ཞེས་སྐྱ་མིང་དང་ཆོས་མིང་ལ་འཇམ་མགོན་དཀོན་མཆོག་མཐུ་སྟོབས་ཆོས་ཀྱི་ཉི་མ། སྐུ་གོང་མའི་གདུང་སྲས་ནི་འཇམ་དབྱངས་བློ་བཟང་བཅས[9]བྱོན། འཁོར་ཆགས་དམངས་ཁྲོད་ཀྱི་ཤོད་རྒྱུན་ལྟར་ན། འཁོར་ཆགས་མ་ཎི་དེ་ཡང་སྐུ་ཕྲེང་དང་པོ་འཇམ་དཔལ་བསྟན་འཛིན་དབང་པོའི་སྐབས་སུ་བྱུང་བར་གྲགས།

སྤྱིར་གྲུབ་ཐང་སྟོང་རྒྱལ་པོ་སྤུ་རངས་ཡུལ་དུ་བྱོན་མྱོང་བར་གསུངས་ཀྱང་སྐབས་དེར་ཨ་ཅེ་ལྷ་མོའི་དར་བའི་གསུང་རྒྱུན་མེད། དམངས་ཁྲོད་ཀྱི་ཤོད་རྒྱུན་ལྟར་ན་བླ་མ་སྐུ་ཕྲེང་དང་པོ་འཇམ་དཔལ་བསྟན་འཛིན་དབང་པོའི་སྐབས་འཁོར་ཆགས་དགོན་པར་ཉམས་གསོ་ཆེན་པོ་ཞིག་གནང་བ་དང་། ཉམས་གསོའི་གྲུབ་སྟོན་སྐབས་ལ་དྭགས་སྤྱི་ཏི[10]ནས་ཡིན་པའི་ལྷ་མོ་ཚོགས་པ་གདན་དྲངས་ནས་འཁྲབ་སྟོན་བྱས་མཐར་ཡུལ་དེ་རང་གི་མང་ཚོགས་ནས་སྤྱི་ཏིའི་ལྷ་མོ་བར་སློབ་སྦྱོང་བྱས་ནས་འཁོར་ཆགས་མ་ཎི་ཐོག་མར་བྱུང་བར་གསུངས། བླ་མ་འཇམ་དཔལ་བསྟན་འཛིན་དབང་པོ་ནི་ སྤྱི་ལོའི་དུས་རབས་བཅུ་དགུ་པའི་ལོ་རབས་སུམ་ཅུ་དང་བཞི་བཅུའི་མཚམས་སུ་སྤོས་ངད་ལྡན་པའི་རི་བོའི་ཉེ་འདབས་སྤུ་ཧྲེང་འཁོར་ཆགས་དགོན་དང་མི་རིང་བའི་སར་འཁོར་ཆགས་སྨད་འཚོ[11]ཞེས་པའི་ཁྱིམ་ཚང་དུ་འཁྲུངས། དམངས་ཁྲོད་ཤོད་རྒྱུན་དེ་ནི་ལོ་རྒྱུས་ཀྱི་རྒྱབ་བསྟེན་མེད་པ་ཞིག་མིན་ཏེ། སྐབས་དེར་གསུངས་པའི་ཉམས་གསོ་ནི་འཁོར་ཆགས་དགོན་པར་མེ་སྐྱོན་བྱུང་ནས༡༩༠༠ལོར་གྲུབ་སྟོན་གནང་བ་དེ་ལ་གསུངས་པར་ངེས། ཤེལ་དཀར་བཀའ་འགྱུར་བླ་མ་ངག་དབང་བློ་བཟང་བསྟན་འཛིན་ཚུལ་ཁྲིམས་སམ་བཀྲས་སྡེ་སྤྲུལ་སྐུ་ཞེས་ཡོངས་གྲགས་འབོད་པ་གང་གི་རང་རྣམ་ནང་དེ་དོན་ཅུང་ཟད་འཁོད་འདུག སྤུ་ཧྲེང་གི་འཁོར་ཆགས་ཇོ་བོ་རིན་པོ་ཆེ་བཞུགས་གནས་གཙུག་ལག་ཁང་དང་བཅས་པར་ས་བྱི་ལོ་ནང་དུ་མེ་སྐྱོན་གྱིས་ཉམས་ཆག་ཆེན་པོ་བྱུང[12]ཞེས་པ་ལྟར། དེར་འཁོད་ས་བྱི་ལོ་ཞེས་པ་ནི་སྤྱི་ལོ༡༨༨༨ལོར་[13]ངེས་ཤིང་། དེ་དུས་འཁོར་ཆགས་ཀྱི་གཙུག་ལག་ཁང་ཕྱི་ནང་རྟེན་གསུམ་ལ་ཉམས་ཆག་ཆེན་པོ་ཤོར་ནས་སྡེ་པ་གཞུང་གིས་སྦྱིན་བདག་དོན་ཏེ་གཙུག་ལག་ཁང་རྟེན་གསུམ་བཅས་ཉམས་གསོ་བྱས། ལྷག་པར་སྡེ་པ་གཞུང་གིས་ཤེལ་དཀར་བཀའ་འགྱུར་བླ་མ་ཉིད་ཇོ་བོ་མཆེད་གསུམ་ལ་གཟུངས་འབུལ་རབ་གནས་གནང་བར་མངགས། དེ་ནས་བཀའ་འགྱུར་བླ་མ་དགུང་ལོ་ཞེ་ལྔ་པ་ཀུན་ལྡན་ལྕགས་བྱི་ལོ[14]སྟེ་སྤྱི༡༩༠༠ལོར་དངོས་སུ་འཁོར་ཆགས་དུ་གཟུངས་འབུལ་རབ་གནས་གནང་བར་ཆིབས་ཁ་བསྒྱུར། གཟུངས་འབུལ་རབ་གནས་ལེགས་པར་གྲུབ་རྗེས་སྡེ་པ་གཞུང་ནས་ཆོག་གྲྭ་ཡོངས་རྫོགས་བཟོ་རིགས་ངོ་འཁོར་སོགས་སྐབས་དེའི་བྱ་བ་ལས་ཀྱི་འཁོར་ལོའི་སྣེ་འཛིན་ཆེ་ཕྲ་ཐམས་ཅད་ལ་སྟོན་མོ་ཉིན་འཁྱོངས་ལྔའི་རིང་ལ། འཁོར་ཆགས་ནམ་མཐོང་ཟེར་བའི་འཆམ་གཟིགས། སྤུ་ཧྲེང་སྟོད་སྨད་ཡོངས་རྫོགས་ཀྱི་ཕོ་མོ་རྒྱན་གོས་གཟབ་མཆོར་གྱིས་སྤྲས་ཏེ་ཤོན་ཞེས་པའི་གླུ་གཞས། རྟ་བརྒྱུགས་ཞར་འཕེན། དབུས་ཀྱི་སྐྱོར་མོ་ལུང་པ་སོགས་སྣེ་བསྡུས་ཀྱི་ལྷ་མོ་བས་རྣམ་ཐར་ཉིན་གཉིས་བཅས་དགའ་སྟོན་རྒྱ་ཆེར་བསྟར་བ་སོགས་རྫོགས་ལྡན་གསར་དུ་ཚེས་པ་ལྟ་བུའི་སྐལ་བཟང་ངོམས་པར་མཛད།[15] དེར་དམིགས་བསལ་དོ་སྣང་བྱེད་དགོས་པ་ཞིག་ལ། རྣམ་ཐར་ནང་དབུས་ཀྱི་སྐྱོར་མོ་ལུང་པ་སོགས་སྣེ་བསྡུས་ཀྱི་ལྷ་མོ་བས་རྣམ་ཐར་ཉིན་གཉིས་བཅས་དགའ་སྟོན་རྒྱ་ཆེར་བསྟར་ཞེས་འཁོད་པ་ལྟར། དེར་དབུས་ཀྱི་སྐྱོར་མོ་ལུང་པ་མ་ཟད་སོགས་སྒྲ་དེར་ད་དུང་ལྷ་མོ་ཚོགས་པ་གཞན་ཡང་དེར་འདུས་པ་ཤུགས་སུ་གསལ་ལ། སོགས་སྒྲ་དེ་ཡི་ནང་དུ་སྤྱི་ཏིའི་ལོ་ཆེན་དག་ཚུད་ཡོད་པ་མིན་ནམ་སྙམ། དེ་ལྟར་ན་འཁོར་ཆགས་ཀྱི་མ་ཎི་དེ་ཡང༡༩༠༠ལོ་ཙམ་ནས་དབུ་བརྙེས་པ་ཡིན་པར་སེམས།

དེར་སྤྱི་ཏིའི་ཨ་ཅེ་ལྷ་མོའམ་སྤྱི་ཏིའི་ལོ་ཆེན་སྐོར་ཅུང་ཟད་གླེང་བར་བྱ་བ་ལ། སྤྱི་ཏིའི་ཡུལ་ནི་ལ་དྭགས་ས་ཁོངས་ཀྱི་ཡུལ་ཚོ་ཞིག་སྟེ། སྐྱིད་ལྡེ་ཉི་མ་མགོན་གྱིས་སྟོད་ཀྱི་མགོན་གསུམ་ལ་ཡུལ་ཁག་བགོས་སྐབས་ཆུང་བ་ལྡེ་གཙུག་མགོན་ལ་ཟང་དཀར་སྒོ་གསུམ། སྤི་ཏི། སྤི་ལྕོགས་དང་བཅས་པ་མངའ་མཛད[16]ཅེས་གསལ་བ་ལྟར། དེར་འཁོད་པའི་སྤི་ཏི་ནི་སྤྱི་ཏི་ལ་ངོས་འཛིན་བྱེད་དགོས་ཏེ་མངའ་རིས་ཀྱི་ཁ་སྐད་དུ་ཡ་བཏགས་དོར་ནས་སྤི་ཏི་ཞེས་རྒྱུན་དུ་འབོད་པ་ལྟར་རོ། སྤྱི་ཏི་ནི་སྔ་ནས་མངའ་རིས་ས་ཁོངས་ཀྱི་ཡུལ་ཚོ་ཞིག་ཡིན་པ་སྨོས་མེད་དང་དུས་ཕྱིས་ལ་དྭགས་རྒྱལ་རབས་ཀྱི་དབང་དུ་བཟུང་བ་ལགས་སོ། །ལོ་རྒྱུས་ལྟར་ན་ལོ་ཆེན་རིན་ཆེན་བཟང་པོས་དགོན་པ་བརྒྱ་དང་བརྒྱད་བཏབ་པའི་གྲས་ལ་སྤྱི་ཏི་རོང་ཆུང་ལྷ་ཁང་ཞེས་འཁོར་ཆགས་དགོན་པ་དང་ལོ་གཅིག་ལ་བཏབ་པའི་སྐོར་གསུངས། སྤྱི་ཏིའི་ལྷ་མོའི་འཁྲབ་རྒྱུན་དེ་ལ་དམངས་ཁྲོད་དུ་སྤྱི་ཏི་ལོ་ཆེན་ནམ་བུ་ཆེན་ཞེས་འབོད། སྤྱི་ཏི་ལོ་ཆེན་གྱི་འཁྲབ་རྒྱུན་དེ་དུས་ནམ་ཞིག་ལ་དར་བ་ཞིག་ཆ་མ་འཚལ་ཀྱང་རྒན་རབས་ཀྱི་ཤོད་རྒྱུན་ལྟར་ན་སྤྱི་ཏི་ལོ་ཆེན་ནི་ལོ་ལྟར་དབྱར་སྟོད་ཙམ་ནས་ཐོན་ཏེ། རིམ་པར་སྨད་ཀྱི་སྒར་རྫོང་སོགས་ཀྱི་ས་ཁུལ་དག་ཏུ་འཁྲབ་སྟོན་དུ་ཡོང་བ་དང་། འཁྲབ་སྟོན་དང་སྦྲགས་ཚོང་ཟོག་དང་ཅ་དངོས་མང་པོ་བརྗེས་རེས་བྱས་ནས་སླར་ལ་དྭགས་ལོག་འགྲོ་ཡི་ཡོད།[17]

སྤྱི་ཏི་ལོ་ཆེན་གྱི་འཁྲབ་སྟོན་ནི་མི་སྣ་གསུམ་ལས་གྲུབ་སྟེ། ལོ་ཆེན་ནམ་བུ་ཆེན། ལུག་རྫིའམ་རྔོན་པ། ལྷ་མོ[18]བཅས་སོ། །འཁྲབ་སྟོན་སྐབས་ནོར་བཟང་སོགས་འཁྲབ་གཞུང་འཁྲབ་ཀྱི་ཡོད་ལ་གཙོ་བོ་ཕོ་བ་རྡོ་གཤགས་དང་གྲི་རྩེད་སོགས་རྩེ་བའི་སྲོལ་ཡོད། འཁྲབ་སྟོན་གྱི་རྣམ་པ་དེ་དག་ལ་གཞིགས་ན་དེ་ནི་གྲུབ་ཆེན་ཐང་སྟོང་རྒྱལ་པོས་གཅུང་རི་བོ་ཆེའི་མཆོད་རྟེན་བཞེངས་སྐབས་ཕོ་བ་རྡོ་གཤགས་དང་གྲི་རྩེད་རྩེ་བའི་སྲོལ་དེ་སྟོད་ལ་དར་བ་མིན་ནམ་སྙམ། གང་ཡིན་ཟེར་ན་གྲུབ་ཆེན་གྱི་རྣམ་ཐར་ནང་འཁོད་དོན། གྲུབ་ཆེན་གྱིས་རང་གི་བུ་སློབ་དྲགས་པའི་གྲས་ལ་བུ་ཆེན་ཞེས་འབོད་ཀྱི་ཡོད་དེ། གྲུབ་ཆེན་སྐུ་འཚོ་བཞུགས་སྐབས་བུ་ཆེན་མང་དག་ཅིག་བྱུང་བ་ལས་སྟོད་ཀྱི་བུ་ཆེན་རིག་གསུམ་མགོན་པོ་ཞེས་པ་ཞིག་བྱུང་ཞིང་། ཁོང་ནི་སྐབས་དེར་ཕོ་བ་རྡོ་གཤགས་རྩེ་མཁན་ཐོག་མ་དེ་ཡིན་ཞེས་རི་བོ་ཆེའི་རྒན་རབས་ཚོའི་ངག་རྒྱུན་དུ་གསུངས། སྤྱིར་ཕོ་བ་རྡོ་གཤགས་དང་གྲི་རྩེད་ཀྱི་རྣམ་པ་དེ་སྤྱི་ཏིར་ཇི་ལྟར་དར་བ་ཆ་མ་འཚལ་ཀྱང་སྤྱི་ཏི་ནི་སྟོད་མངའ་རིས་སྐོར་གསུམ་གྱི་ཆ་ཤས་ཡིན་པ། ལོ་ཆེན་འཁྲབ་སྐབས་ཕོ་བ་རྡོ་གཤགས་རྩེ་མཁན་དེ་ལ་བུ་ཆེན་ཞེས་འབོད་པ་སོགས་འདྲ་བའི་ཆ་ནས། སྤྱི་ཏི་ལོ་ཆེན་གྱི་འཁྲབ་ལུགས་དེ་རི་བོ་ཆེ་ནས་རིམ་པར་སྟོད་ལ་དར་བ་མིན་ནམ་སྙམ། གང་ལྟར་འཁོར་ཆགས་མ་ཎི་དེ་ནི་སྤྱི་ཏི་ལོ་ཆེན་གྱི་འཁྲབ་རྒྱུན་ཡིན་པ་དོན་ལ་གནས་པ་ཞིག་སྣང་། གང་ཡིན་ཟེར་ན་འཁོར་ཆགས་མ་ཎི་འཁྲབ་སྟོན་བྱེད་སྐབས་ངེས་པར་དུ་བུ་ཆེན་ཞེས་པའི་མི་སྣ་ཞིག་དོན་དགོས་པ་དང་། མི་སྣ་དེ་ཡིས་གཞུང་བསྲང་བ་དང་འདོན་འཁྲིད་པ་སོགས་བྱེད་དགོས་པ་དེ་ནི་སྤྱི་ཏི་ལོ་ཆེན་གྱི་འཁྲབ་ལུགས་དང་འདྲ་བའི་ཆ་ནས་དེ་ལྟར་འདོད་དོ། །སྤྱི་ཏི་ལོ་ཆེན་དེ་འཁྲབ་ལུགས་གང་ཡིན་ཐད་དངོས་སུ་མ་མཐོང་བས་ཁ་ཚོན་གཅོད་དཀའ་རུང་། མདོག་སྨད་དེ་ངམ་རིང་གི་ཡ་མོ་ཁང་གསར་སོགས་ཀྱི་ཡུལ་ལ་སྔོན་རབས་ཕོ་བ་རྡོ་གཤགས་དང་གྲི་རྩེད་རྩེ་བའི་མ་ཎི་བ་ཡོད་ཅིང་། དེ་དག་ཚང་མ་གཅུང་པའི་འཁྲབ་རྒྱུན་ཡིན་པའི་ཆ་ནས་སྤྱི་ཏི་ལོ་ཆེན་དེ་ཡང་གཅུང་པའི་ལུགས་བརྒྱུད་པ་མིན་ནམ་སྙམ། དེས་ན་འཁོར་ཆགས་མ་ཎི་དེ་ཡང་གཅུང་པའི་འཁྲབ་རྒྱུན་གྱི་རྨང་གཞི་ཡོད་པ་ཤུགས་སོ་ཤེས་ཐུབ་བོ། །

གོང་གི་ཤོད་ཚུ3851;གྱི་1;ལྟོ་གཡོ་ནས་མཆེད་པ;ས་ཡུལ་གྱི་ལྟོ་གཡོ[19]ལ་ཁམས་ནས་སློང་མོ་མཁན་བུད་མེད་འགའ་ཤས་སླེབས། ཁོ་ཚོས་སློང་མོ་སློང་གིན་ལྷ་མོའི་གཞུང་འཁྲབ་པས་རྗེས་སུ་འཁོར་ཆགས་ལའང་རིམ་པར་དར་བར་བརྗོད།[20] དེ་ནི་ཀྲུང་གོའི་ཟློས་གར་དེབ་ཐེར་བོད་ལྗོངས་བམ་པོའི་ནང་སྤུ་རངས་ལྷ་མོ་ཞེས་པའི་སྐོར་འཁོད་པ་དང་འདྲ་སྟེ། སྤུ་རངས་ཀྱི་ལྷ་མོ་དེ་ཐོག་མར་འཁོར་ཆགས་ལ་མི་དར་བར་ལྟོ་གཡོ་ལ་དར་བར་གསུངས་ཤིང་དགེ་རྒན་ཀྱང་འཇམ་དཔལ། རྒྱལ་མཚན། ཚེ་རིང་དངོས་གྲུབ་སོགས་བྱུང་བར་འཁོད། ཚེ་རིང་དངོས་གྲུབ་ཀྱིས་དགེ་རྒན་མ་བྱེད་གོང་ཁྱུང་པོ་སྟེང་ཆེན་ནས་དབྱངས་ཅན་ཞེས་པའི་བུད་མེད་ཅིག་ཡུལ་དེར་སླེབས་པ་དང་ཡི་གེ་ཅུང་ཤེས་པའི་དབང་གིས་དཔེ་ཆར་བལྟས་ནས་ཚེ་རིང་དངོས་གྲུབ་སོགས་ལ་འཁྲབ་གཞུང་མང་དག་ཁ་བསླབ་བརྒྱབ། ཕྱིས་སུ་ཚེ་རིང་དངོས་གྲུབ་དང་གཉེན་སྒྲིག་བྱས། དེའི་རྗེས་དབུས་ཀྱི་སྐྱོར་མོ་ལུང་པའི་དགེ་རྒན་བག་གྲོ་དང་མགོན་པོ་གཉིས་ཀྱིས་ཡུལ་དེའི་མི་དམངས་ལ་སྐྱོར་མོ་ལུང་པའི་འཁྲབ་ལུགས་བསླབ། ཚོགས་པ་དེ་ལོ་ལྟར་བོད་ཟླ་དང་པོའི་ཚེས་གཅིག་ནས་ཟླ་གཉིས་པའི་ཚེས་ཉེར་གཉིས་བར་རྫོང་གི་གནས་ཡུལ་བཤགས་པ་གླིང་དགོན་དུ་འཁྲབ་སྟོན་བྱེད་དགོས[21]ཞེས་འཁོད་པ་ལྟར། ཕྲན་གྱི་བསམ་པར་གོང་གི་ཤོད་སྲོལ་དེའི་ནང་གི་སློང་མོ་བ་དག་ནི་ལྷ་མོ་འཁྲབ་མཁན་མ་ཡིན་པར་ཁྱུང་པོ་སྟེང་ཆེན་ནས་ཡོང་བའི་རས་པ་འཁྲབ་མཁན་ཡིན་པ་དང་དབྱངས་ཅན་ཡང་སྐབས་དེ་དུས་སྤུ་རངས་ལ་ཡོང་བ་མིན་ནམ་སྙམ། ཡིན་ཡང་དཔྱད་གཞིའི་ཡིག་ཆ་ཞིབ་པར་མ་རྙེད་པས་དཔྱད་པ་གཏོང་བའི་སྤོབས་པ་རེ་ཞིག་བྲལ་ལོ། །

འཁོར་ཆགས་མ་ཎི་དེ་སྔོན་རབས་སྐྱ་སེར་ལྷན་དུ་རྒྱུན་འཛིན་བྱས་པ་ཞིག་ཡིན་ཞིང་འཁོར་ཆགས་དགོན་པའི་དགེ་འདུན་པ་མང་དག་ཅིག་གིས་འཁྲབ་སྟོན་གནང་མྱོང་བ་གསུངས། ཚོགས་པ་བཙུགས་པ་ནས་ད་བར་ལོ་ངོ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་ཞིང་དགེ་རྒན་མི་ཐོག་ལྔ་ཙམ་བརྒྱུད་ཡོད་པ་ད་ལྟ་མཚན་བགྲང་རྒྱུ་ཡོད་པ་དག་ནི། དགེ་རྒན་མི་རབས་གསུམ་པ་མེས[22]ངག་དབང་ནོར་བུ། མེས་འཇམ་དཔལ། མི་རབས་བཞི་པ་འཇམ་དབྱངས་རྡོ་རྗེ། སྤེན་པ་ཚེ་རིང་། འཇམ་དབྱངས་ཐུབ་བསྟན། དེ་ནས་དེང་གི་དགེ་རྒན་ཟླ་བ་བློ་གྲོས་བར་རིམ་པར་བྱུང་བ་དང་འཁྲབ་ལུགས་ཐད་རྒན་རབས་ཚོའི་ཤོད་རྒྱུན་ལྟར་ན་རྒྱལ་མཁར་བ་དང་སྐྱོར་མོ་ལུང་པ་ཡིན་པ་གསུངས་སོ། །

གཉིས་པ། འཁོར་ཆགས་མ་ཎིའི་ཐུན་མིན་ཁྱད་ཆོས།

བོད་གངས་ཅན་གྱི་ཡུལ་དེར་གླུ་དང་གར་གྱི་རིགས་ཀྱིས་ཕྱུག་ཅིང་ས་ཆ་གང་ས་གང་དུ་རང་གི་ཁྱད་ཆོས་ལྡན་པའི་སྒྱུ་རྩལ་རྣམ་པ་མང་ལ་ལྷག་པར་རིགས་གཅིག་གི་སྒྱུ་རྩལ་རྣམ་པ་དག་ལ་ཡང་རང་རང་ཡུལ་ལུང་གི་ཁྱད་ཆོས་རེ་སྣང་། དེ་ནི་བོད་ཀྱི་སྒྱུ་རྩལ་ཐུན་མོང་ལ་དབང་བའི་ཁྱད་ཆོས་ཤིག་སྟེ་ཡུལ་ལུང་རང་བཞིན་ལྡན་པ་ཞེས་པ་དེ་ཡིན། ཨ་ཅེ་ལྷ་མོའི་སྒྱུ་རྩལ་ཡང་དེ་དང་འདྲ་བར་སྤྱིར་འཁྲབ་ལུགས་ཆེ་བ་བཞི[23]ཙམ་ལ་དབྱེ་རུང་འཁྲབ་ལུགས་རིགས་གཅིག་ཡིན་པའི་ལྷ་མོ་ཚོགས་པ་ཁག་བར་ལ་ཡང་ཁྱད་པར་ཆེན་པོ་ཡོང་གི་ཡོད། མངའ་རིས་འཁོར་ཆགས་མ་ཎི་དེ་ཡང་དེ་ལྟར་ལགས་ཏེ་སྐྱོར་མོ་ལུང་དང་རྒྱལ་མཁར་བའི་འཁྲབ་ལུགས་ཡིན་ཞེས་བརྗོད་ཀྱང་རང་གི་ཐུན་མིན་ཁྱད་ཆོས་ཟབ་མོ་ལྡན་ཡོད།

གཅིག འདོན་གྱི་རིམ་པ་བཤད་པ།

བོད་ཀྱི་ཨ་ཅེ་ལྷ་མོའི་སྒྱུ་རྩལ་ནི་རྔོན་པའི་འདོན་དང་འཁྲབ་གཞུང་དངོས། བཀྲིས་བཅས་ལེའུ་གསུམ་གྱི་བདག་ཉིད་ཅན་ཞིག་ཡིན་པ་ཀུན་གྱི་མཁྱེན་ཆོས་ལྟར། དེ་དག་གི་ནང་ནས་རྔོན་པའི་འདོན་ནི་འཁྲབ་ལུགས་ཁག་གི་ཆེས་ཐུན་མོང་མ་ཡིན་པའི་ནོར་བུ་ལྟ་བུར་རྩི་ཡི་ཡོད། རྔོན་པའི་འདོན་ནས་ཚོགས་པ་དེ་ཡི་འཁྲབ་ཁྱེར་ཚང་མ་མངོན་ཐུབ་ལ་རྣམ་ཐར་དང་གཞུང་བཏང་སྟངས་ཀྱི་ཁྱད་ཆོས་ཀྱང་ཤུགས་སུ་རྟོགས་ཐུབ། དེས་ན་རྔོན་པའི་འདོན་ནི་ལྷ་མོ་ཚོགས་པ་ཞིག་ལ་ཞིབ་འཇུག་བྱེད་པའི་གཞི་འཛིན་ས་གལ་ཆེན་ཞིག་ཏུ་གྱུར་ཡོད། སྤྱིར་སྲོལ་རྒྱུན་ཨ་ཅེ་ལྷ་མོའི་འདོན་གྱི་རིམ་པ་ནི་རྔོན་པའི་ས་སྦྱངས་ས་འདུལ། རྒྱ་ལུའི་བྱིན་འབེབས། ལྷ་མོའི་གླུ་གར་བཅས་ལེའུ་གསུམ་ལས་གྲུབ་ཅིང་། མི་སྣ་ཡང་རྔོན་པ་བདུན། རྒྱ་ལུ་གཉིས། ལྷ་མོ་བདུན་བཅས་མི་མགོ་བཅུ་དྲུག་ཙམ་ལས་གྲུབ། དེ་ནི་ལུགས་མི་འདྲ་བའི་ལྷ་མོ་ཚོགས་པ་ཁག་ཐུན་མོང་གི་ཕྱག་སྲོལ་ཡིན། ཡིན་ཡང་འཁོར་ཆགས་མ་ཎིར་ཆ་མཚོན་ན་རྔོན་པའི་འདོན་གྱི་མི་སྣའི་གྲུབ་ཆ་ནས་གཞན་དང་མི་འདྲ་བ་ཞིག་ཡོད་དེ། རྔོན་པ་བདུན། བུ་ཆེན་གཅིག ལྷ་མོ་བདུན་བཅས་མི་མགོ་བཅོ་ལྔ་ཙམ་ལས་གྲུབ།ལྷག་པར་རྒྱ་ལུ་ཞེས་པའི་མི་སྣ་དེ་མེད་པར་བུ་ཆེན་ཞེས་པས་ཚབ་བྱེད་ཀྱི་ཡོད། དེ་ནི་སྤྱི་ཏི་ལོ་ཆེན་འཁྲབ་སྟོན་བྱེད་སྐབས་ལུག་རྫི། བུ་ཆེན། ལྷ་མོ་བཅས་མི་སྣ་གསུམ་དགོས་པ་དང་ཐུན་མོང་དུ་སྣང་།འདོན་འགོ་མ་ཚུགས་གོང་ཐོག་མར་རྔ་བརྡ་ལན་གསུམ་རྒྱག་དགོས་པ་དང་། དེ་ནས་ཐོག་མར་བུ་ཆེན་གྱིས་རྔོན་པའི་སྣེ་འཁྲིད་དེ་འདོན་འགོ་ཚུགས་དགོས། བུ་ཆེན་གྱི་ཆ་ལུགས་ནི་དུས་རྒྱུན་ལྷ་མོ་ཚོགས་པ་གཞན་གྱི་བློན་པོའི་ཆས་དང་ཅུང་ཟད་འདྲ་བར་མགོ་ལ་སོག་ཞྭ་དང་འབག་དཀར་པོ་གོན། ལུས་ལ་ཕྱུ་པ་སེར་པོ་དང་འཁན་སྦྱར་མར་ཁུ་མདོག ནང་དུ་འོག་འཇུག་དཀར་པོ་ཕུ་རིང་དང་ལྷམ་ནག་ཐོབ།[24] སྐེད་པར་རྒྱ་གྲི་ཕོར་ཤུབ། ལག་གཡས་སུ་མདའ་དར་ཁྱེར་བ་ཞིག་གོ དེ་ནི་ཡུལ་གཞན་གྱི་ལྷ་མོ་ཚོགས་པ་རྣམས་ལྷ་མོའི་དགེ་རྒན་གྱིས་རྔོན་པ་གོན་ནས་འདོན་འཁྲིད་དགོས་པའི་ལུགས་སྲོལ་དང་མི་འདྲ་བ་ཡིན། བུ་ཆེན་གྱིས་རྔོན་པ་འཁྲིད་ནས་དོ་རར་ཕྱག་ཕེབས་རྗེས་མཆོད་བཞེས་ཞེས་སྐད་གསང་ཐོན་པོས་འདོན། དེ་ནས་སྐད་སྟོང་དང་སྦྲགས་རིམ་པར་འདོན་གྱི་འཁྲབ་ཁྱེར་ལ་འཇུག འཁྲབ་ཁྱེར་རྣམས་ལེགས་གྲུབ་བྱུང་རྗེས་ཐོག་མར་རྔོན་པའི་རྣམ་ཐར་ཁག་འགོ་ཚུགས་དགོས། འཁོར་ཆགས་ཀྱི་རྔོན་པའི་རྣམ་ཐར་ནི་ཚོགས་པ་གཞན་གྱི་རྔོན་པའི་རྣམ་ཐར་ལས་ཅུང་ཉུང་བ་ཞིག་སྟེ་རྔོན་པའི་ཆས་སོའམ་ཆས་ཚུལ་གྱི་ལེའུ་ལས་གཞན་མེད། ཆས་སོ་ལེའུ་གསུམ་ནི་གཤམ་གསལ་ལྟར།

截屏2023-06-05,午5.17.10.jpg

རྔོན་པའི་ཆས་སོ་གསུམ་གྱི་རྣམ་ཐར་གྲུབ་རྗེས་རྔོན་པས་གཞུང་བསྲང་བའི་སྒོ་ནས་རྔོན་པས་ཆས་ཡོད་ཆས་ཡོད། མཚན་ལྡན་བླ་མའི་དྲུང་དུ་ཆས། ཐར་པའི་ཆོས་ལ་དམ་ཆོས་འབུལ་དུ། རྔོན་པས་ངོམ་བཞིན་ཆས་ཡོད། རྔོན་པས་ཆས་ཡོད་ཆས་ཡོད། མགོ་འདྲེན་དཔོན་པོའི་དྲུང་དུ་ཆས་ཡོད། གཏམ་དང་ཡིག་རྩིས་ངོམ་བཞིན། རྔོན་པས་ངོམ་བཞིན་ཆས་ཡོད། རྔོན་པས་ཆས་ཡོད་ཆས་ཡོད། ཨ་མ་ཆང་མའི་དྲུང་དུ་ཆས་ཡོད། ཆང་དང་ཇ་འབྲས་རྔོན་པས་ངོམ་བཞིན་ཆས་ཡོད། རྔོན་པ་ཆས་ཡོད་ཆས་ཡོད། རི་མགོ་མཐོན་པོའི་རྩེ་རུ་ཀླུང་རྟ་འཛུགས་ནས་ཆས་ཡོད། ཀླུང་རྟ་རྒྱ་རིས་དངོས་གྲུབ་རྔོན་པ་ངོམ་བཞིན་ཆས་ཡོད། རྔོན་པ་ཆས་ཡོད་ཁྲ་མ་བརྒྱ་ཡི་བདུད་རྩི་ལེན་དུ་ཆས་ཡོད། བདུད་རྩི་བ་སོའི་ཞབས་གྲལ་རྔོན་པས་ངོམ་བཞིན་ཆས་ཡོད། རྔོན་པ་ཆས་ཡོད་རྒྱལ་སྡེ་ཁྲོམ་པའི་ནང་དུ་ཆས་ཡོད། འཆལ་པོ་དྭངས་བཟང་དབང་པོ་རྔོན་པས་ངོམ་བཞིན་ཆས་ཡོད་ཅེས་རིམ་པར་གསུངས། རྔོན་པའི་གཞུང་བསྲང་སྐབས་རིགས་ལྔ་རྣམས་རིམ་པར་གྲལ་ལ་ཞུགས་ཏེ་གཞུང་བསྲང་ཕྲལ་རྒྱ་ལུའི་བྱིན་འབེབས་ཀྱི་ལེའུ་ལ་འཇུག འཁོར་ཆགས་ཀྱི་ལྷ་མོ་དེ་ལ་རྒྱ་ལུ་མེད་ཀྱང་བུ་ཆེན་གྱིས་རྒྱ་ལུའི་ཚབ་བྱས་ནས་རྒྱ་ལུའི་བྱིན་འབེབས་ཀྱི་རྣམ་ཐར་རྣམས་གཏོང་དགོས། རྒྱ་ལུའི་བྱིན་འབེབས་ལ་རྣམ་ཐར་གསུམ་སྟེ་གཤམ་གསལ་ལྟར།

截屏2023-06-05,午5.17.19.jpg

རྒྱ་ལུའི་བྱིན་འབེབས་ཀྱི་རྣམ་ཐར་གྲུབ་ཕྲལ་ཡང་བུ་ཆེན་ནས་གདན་ས་རྣམས་རིམ་པར་གཞུང་བསྲང་སྟེ་ལྷ་མོའི་གླུ་གར་ལ་འཇུག་གོ འཁོར་ཆགས་ཀྱི་ལྷ་མོའི་གླུ་གར་ནི་དེང་གི་ཆར་རྣམ་ཐར་གསུམ[25]ལས་མེད་དེ། ལྷ་མོ་རེ་རེས་རྣམ་ཐར་རེ་བཏང་ཚར་ཕྲལ་མཚོ་ཆེན་པདྨ་བླ་མཚོའི་མཚོ་སྐོར་ཞེས་ལྷ་མོའི་སྐོར་བ་ལ་བཞུགས་དགོས། ལྷ་མོའི་གླུ་གར་གྱི་རྣམ་ཐར་དག་ནི་གཤམ་གསལ།

截屏2023-06-05至5.17.26.jpg

ལྷ་མོའི་སྐོར་བ་ཚར་རྗེས་དེ་ནས་རྔོན་པ་རེ་རེ་ནས་འཕགས་ཆེན་བརྒྱབ་སྟེ་རྔོན་པའི་འདོན་གྱི་ནང་དོན་ཆ་ཚང་གྲུབ་པ་ཡིན།

གཉིས། རོལ་དབྱངས་ཀྱི་ཁྱད་ཆོས།

འཇམ་མགོན་ས་སྐྱ་པཎ་ཆེན་གྱི་རོལ་མོའི་བསྟན་བཅོས་ནང་། རོལ་མོ་ལ་ལྷན་ཅིག་སྐྱེས་པའི་རོལ་མོ་དང་རྐྱེན་གཞན་ལས་བྱུང་བའི་རོལ་མོ་ཞེས་རིགས་གཉིས་སུ་དབྱེ་གནང་བ་ལྟར་སྲོལ་རྒྱུན་ཨ་ཅེ་ལྷ་མོའི་རོལ་དབྱངས་ཀྱང་ལུགས་དེ་ཡི་རྗེས་སུ་འབྲང་ནས་དབྱེ་ན་ཤིན་ཏུ་འཚམས་པར་སྙམ། སྤྱིར་ཨ་ཅེ་ལྷ་མོའི་རོལ་དབྱངས་སྐོར་བཤད་སྐབས་གཙོ་བོ་དེ་རྣམ་ཐར་གྱི་རོལ་དབྱངས་དང་རོལ་མོའི་རོལ་དབྱངས་གཉིས་ལས་གྲུབ་པ་ལྟར། རྣམ་ཐར་སོགས་སྐྱེས་བུའི་ལུས་ནས་བྱུང་བའི་རོལ་དབྱངས་དག་ནི་ལྷན་ཅིག་སྐྱེས་པའི་རོལ་མོ་དང་རོལ་ཆ་སྣ་ཚོགས་ཀྱི་སྒྲ་ནི་རྐྱེན་གཞན་ལས་བྱུང་བའི་རོལ་མོ་ཡིན་པར་འདོད། དེ་ཡང་ས་སྐྱ་ཨ་མེས་ཞབས་ཀྱི་རོལ་མོའི་བསྟན་བཅོས་ཀྱི་འགྲེལ་པར་རང་ཉིད་ཀྱི་ལུས་དང་ལྷན་ཅིག་སྐྱེས་པ་ལྷན་ཅིག་གི་རོལ་མོ་དང་པི་ཝང་ལ་སོགས་པ་རྐྱེན་གཞན་ལས་བྱུང་བའི་རོལ་མོ[26]ཞེས་གསུངས་པ་ལྟར་རོ། །འཁོར་ཆགས་མ་ཎིའི་རོལ་དབྱངས་ནི་གོང་དུ་ཞུས་པ་དང་འདྲ་བར་ལྷན་ཅིག་སྐྱེས་པའི་རོལ་མོ་སྟེ་རྣམ་ཐར་དང་ཆང་གཞས་སོགས་དང་རྐྱེན་གཞན་ལས་བྱུང་བའི་རོལ་མོ་སྟེ་རྔ་སྦུག མདོ་སུར་སོགས་སོ། །

ཐོག་མར་འཁོར་ཆགས་མ་ཎིའི་རྣམ་ཐར་སྐོར་འཆད་པ་ལ། འཁོར་ཆགས་མ་ཎིའི་རྣམ་ཐར་ནི་བོད་ཀྱི་ལྷ་མོ་ཚོགས་པ་གཞན་དག་དང་འདྲ་བར་གཏོང་སྲོལ་ལ་ཁྱད་པར་ཆེན་པོ་མེད་མོད། ཡིན་ཡང་རྣམ་ཐར་གཏོང་སྟངས་ཀྱི་ཐད་ནས་བཤད་ན་མགྲིན་འགུག་ཉུང་བ་རྣམ་ཐར་གདངས་འགྱུར་གྱིས་བཏུལ་བའི་ཁྱད་ཆོས་ལྡན། དེ་ནི་སྟོད་ཕྱོགས་ཀྱི་ལྷ་མོ་ཚོགས་པ་ཁག་ཐུན་མོང་གི་ཁྱད་ཆོས་ཤིག་ཡིན་པར་སེམས། དེའི་རྒྱུ་རྐྱེན་གཙོ་བོ་ཡང་སྟོད་ཀྱི་ཡུལ་སྐད་དང་སྒྲའི་སྐྱེ་གནས་ཀྱི་ཁྱད་པར་ལས་བྱུང་བ་ཡིན་གཤིས། ཚིག་ལྷག་ཚིག་ལུས་རྒྱག་སྟངས་ཐད་ཚོགས་པ་གཞན་དང་འདྲ་བར་ལ་སྒྲ། ནི་སྒྲ། ནས་སྒྲ་སྤྱོད་ཤས་ཆེ། རྣམ་ཐར་རམ་སྐྱོར་ཐད་ཚིག་དང་ཚིག་གི་བར་ལ་མགྱོགས་པོ་ལེན་འགྲོ་བའི་ཁྱད་ཆོས་ལྡན། བོད་ཀྱི་ལྷ་མོ་ཚོགས་པ་གཞན་དག་ལ་རྣམ་ཐར་རིགས་དབྱེ་བྱེད་པའི་ལུགས་སྲོལ་ལྡན་ཏེ། དཔེར་ན་དབུས་ཀྱི་སྐྱོར་མོ་ལུང་པ་ལྟ་བུ་རྣམ་ཐར་གྱི་གདངས་འགྱུར་གྱི་ཁྱད་པར། ངོ་བོའི་ཁྱད་པར། གྲུབ་སྟངས་ཀྱི་ཁྱད་པར། བྱེད་ནུས་ཀྱི་ཁྱད་པར་སོགས་ལས་དཀྱུས་རྟ། གདངས་ལོག གདངས་གསར། གཞས་མ་རྣམ་ཐར་སོགས་རིགས་དབྱེ་བྱེད་སྟངས་མི་འདྲ་བ་དུ་མ་མཆིས། ལྷག་པར་མི་སྣའི་རྣམ་ཐར་ལ་ཡང་རྟ་རིང་རྟ་འབྲིང་རྟ་ཐུང་གི་ཁྱད་པར་ཡོང་གི་ཡོད། ཡིན་ཡང་འཁོར་ཆགས་ཀྱི་རྣམ་ཐར་ལ་དེ་ལྟ་བུའི་རིགས་དབྱེ་བྱེད་སྲོལ་མེད་པར་གཙོ་བོ་འཁྲབ་གཞུང་ལ་དམིགས་ནས་རྣམ་ཐར་རིགས་དབྱེ་བྱེད་ཀྱི་ཡོད། དཔེར་ན་ཆོས་རྒྱལ་ནོར་བཟང་གི་འཁྲབ་གཞུང་ལྟ་བུ་འཁྲབ་གཞུང་དེ་ལ་སྤྱིར་མི་སྣ་མང་པོ་ཞིག་ཡོད་ཀྱང་འཁོར་ཆགས་ཀྱི་སྲོལ་ལྟར་ན་ནོར་བཟང་གཞུང་གི་གདངས་ཞེས་མི་སྣ་ཀུན་གྱིས་སྤྱོད་པའི་གདངས་འགྱུར་གཅིག དེ་ནས་ནོར་བཟང་བྱང་ལ་འགྲོ་བའི་གདངས་གཅིག དྲང་སྲོང་ཕྱག་ཕེབས་ཀྱི་གདངས། ཁྲུས་གསོལ་གྱི་གདངས། ཀླུ་མོའི་གདངས་གཅིག་བཅས་བསྡོམས་ནས་གདངས་འགྱུར་དྲུག་ཙམ་ལས་མེད། ཡང་སྣང་ས་འོད་འབུམ་ལྟ་བུ། དཔོན་སྒྲ་ཅན་གྱི་གདངས་དང་གཞུང་གི་གདངས་ལས་གཞན་མེད། མདོར་ན་འཁོར་ཆགས་ཀྱི་རྣམ་ཐར་ནི་གཞུང་གི་གདངས་ཞེས་འཁྲབ་གཞུང་གང་དེའི་མི་སྣ་ཀུན་གྱིས་སྤྱོད་པའི་གདངས་འགྱུར་དེ་དང་དམིགས་བསལ་མི་སྣ་རེ་འགའི་གདངས་འགྱུར་མ་གཏོགས། མི་སྣ་རེ་རེས་གདངས་རེ་རེ་བཏང་བའི་སྲོལ་ཆེར་མེད། འཁོར་ཆགས་ཀྱི་ལྷ་མོ་དག་གི་གསུང་འགྲོས་ལྟར་གཞུང་གཅིག་ལ་གཞུང་དེ་ཡི་རྣམ་ཐར་བཏང་བ་མ་གཏོགས། གཞུང་གཞན་གྱི་རྣམ་ཐར་ཕན་ཚུན་བསྲེས་པའི་སྲོལ་མེད[27]པ་དེའོ། །

དེ་ནས་རོལ་མོའི་སྐོར་འཆད་པ་ལ། འཁོར་ཆགས་ཀྱི་མ་ཎི་ནི་བོད་ཀྱི་སྲོལ་རྒྱུན་ཨ་ཅེ་ལྷ་མོའི་འཁྲབ་རྒྱུན་གཞན་དང་ཆ་འདྲ་བར་གཙོ་བོ་རྔ་སྦུག་གཉིས་ལ་བརྟེན་ནས་འཁྲབ་སྟོན་ལ་འཇུག་པ་ཡིན། རྔ་སྦུག་བརྡུང་མཁན་ལ་རོལ་མོ་བ་ཞེས་འབོད་ཅིང་གཅིག་གིས་རྔ་དང་གཅིག་གིས་སྦུག་རྒྱག་དགོས། དངོས་སུ་འཁྲབ་སྟོན་བྱེད་སྐབས་རྔ་དེ་གཡོན་དང་སྦུག་གཞོགས་གཡས་ལ་བསྡད་དགོས་ལ་རྔ་དེ་རྔ་བརྡུང་མཁན་གྱི་གཞོགས་གཡོན་མར་འཕྲེད་དུ་བཙུགས་ནས་བརྡུང་དགོས། འཁོར་ཆགས་མ་ཎི་བས་སྤྱོད་པའི་རྔ་དེ་རྒྱུན་གཏན་གྱི་ལྷ་མོའི་རྔ་དང་བསྡུར་ན་དཔངས་དམའ་ཞིང་འཁོར་རྒྱ་ཆེ་བ་ཞིག་ཡོད་དེ་མཆོད་རྔ་དང་ཅུང་འདྲ་བ་ཞིག་སྣང་། འཁོར་ཆགས་མ་ཎིའི་རོལ་མོའི་ཁྱད་ཆོས་གཙོ་བོ་ཞིག་ནི་ཉིས་བརྡུང་བརྒྱབ་པ་དེ་ཡིན། རྔ་བརྡུང་བ་དེས་རྔ་རྒྱུག་གམ་རྔ་གཡོག་ཆེ་ཆུང་མི་འདྲ་བ་གཉིས་བཟུང་སྟེ་ལག་གཡས་སུ་རིང་བ་དེ་དང་ལག་གཡོན་མར་ཐུང་བ་དེ་བཟུང་ནས་བརྡུང་གི་ཡོད། རྔ་ཚིགས་ཀྱི་ཁྱད་པར་དེ་ཡང་གཙོ་བོ་འཁྲབ་ཁྱེར་ལ་བལྟས་ནས་འགྲོ་གི་ཡོད་དེ། འཁོར་ཆགས་ཀྱི་མ་ཎིའི་འཁྲབ་ཁྱེར་གཙོ་བོ་ནི་ཞི་བ་དང་དྲག་པོ་ཞེས་གཉིས་སུ་དབྱེ་བ་ལྟར། རྔ་ཚིགས་ལ་ཡང་ཞི་དྲག་གཉིས་ཀྱི་ཁྱད་པར་ཡོད། རྔ་སློབ་པའི་བརྒྱུད་རིམ་ནང་འཁོར་ཆགས་རང་གི་དམིགས་བསལ་ཁྱད་ཆོས་ལྡན་པའི་མན་ངག་ཀྱང་མཆིས་ཏེ་ཞི་བ་དེ་ལ་གྲུབ་གིན་གྲུབ་ལ་སྣམ་པ་གྲུབ། ཡུལ་ལ་ཨ་ཅེས་ཐེར་གོས་གྲུབ། དགེ་ལྡན་བཟང་མོ་མཁྱེན་མཁྱེན་མཁྱེན་ཞེས་པ་དང་། ད་ངུང་འདང་ག་ཏ་འདང་ག་ཏ་ཨ་ཅེ་ལྷ་མོ་འཁྲབ་ལོང་ཡོད་ན་གསེར་གཤོངས་ཉི་མ་བཞུགས་ལོང་མི་འདུག འདང་ག་ཏ་འདང་ག་ཏ། འཇང་ག་ཏ་འཇང་ག་ཏ་འཇང་ཞེས་པའི་མན་ངག་ཡང་མཆིས་སོ། །

དེ་ནས་འཁོར་ཆགས་མ་ཎིའི་རོལ་མོའི་ཁྱད་ཆོས་གཞན་ཞིག་ནི་ཡུལ་དེའི་ཐུན་མིན་རོལ་ཆ་མདོ་སུར་སྤྱོད་པ་དེ་ཡིན། མདོ་སུར་ནི་སུར་རྣ་དང་དྷ་རྔའི་བསྡུས་བརྗོད་དེ། དབུས་ཀྱི་གར་གླུ་དང་སྟོད་ཀྱི་གར་ཤོན་སོགས་ཀྱིས་རྒྱུན་དུ་སྤྱོད་པའི་རོལ་མོ་གལ་ཆེན་ཞིག་ཡིན། འཁོར་ཆགས་མ་ཎི་འཁྲབ་སྟོན་བྱེད་སྐབས་འཁྲབ་གཞུང་གི་ནང་དོན་གྱི་དགོས་མཁོ་ལྟར་ཡུལ་དེའི་ཐུན་མིན་སྒྱུ་རྩལ་གར། ཤོན། གོ་རྩེད་སོགས་བཅུག་གི་ཡོད་དེ། དེ་ལྟར་འཁྲབ་སྟོན་གྱི་ནང་དུ་ཡང་མདོ་སུར་སྤྱོད་པ་དེ་ནི་ཡུལ་གཞན་གྱི་ཨ་ཅེ་ལྷ་མོ་བའི་ཁྲོད་མཐོང་དཀོན་པ་ཞིག་གོ།

གསུམ། འཁྲབ་ཁྱེར་གྱི་ཁྱད་ཆོས།

བོད་ཀྱི་ཨ་ཅེ་ལྷ་མོའི་འཁྲབ་ཁྱེར་གྱི་རིགས་དབྱེའི་ཐད་མཁས་དབང་མང་པོས་བགྲོ་གླེང་གང་རྒྱས་མཛད་ཡོད་ལ་བཞེད་པ་ཡང་མི་འདྲ་བ་གང་མང་ཞིག་མཆིས། ཡིན་ཡང་འཁྲབ་ལུགས་མི་འདྲ་བའི་ལྷ་མོ་ཚོགས་པ་ཁག་ལ་རང་གི་དམིགས་བསལ་གྱི་འཁྲབ་ཁྱེར་དང་རིགས་དབྱེ་བྱེད་སྟངས་མི་འདྲ་བ་མང་པོ་ཡོད་པའི་ཆ་ནས་འཁྲབ་ཁྱེར་གྱི་རིགས་དབྱེའི་ཐད་ད་ལྟའི་བར་རང་རང་གི་རིགས་དབྱེ་བྱེད་སྟངས་ཙམ་བཀོད་པ་ལས་ཀུན་མཐུན་གྱི་བཞེད་པ་ཞིག་བྱུང་མེད། འཁོར་ཆགས་མ་ཎིའི་འཁྲབ་འཁྱེར་ལ་གཙོ་བོ་དྲག་པོ་དང་ཞི་བ་ཞེས་རྨང་གཞིའི་དམངས་དཀྱུས་འཁྲབ་ཁྱེར[28]དང་། རྒན་རྒོན། རྒྱལ་པོ་སོགས་དམིགས་བསལ་མི་སྣའི་འཁྲབ་ཁྱེར་མང་ཙམ་སྣང་། དབུས་ཀྱི་སྐྱོར་མོ་ལུང་པ་ལྟར་འཁྲབ་ཁྱེར་གྱི་གྲུབ་ཆ་རེ་རེ་འཕྲལ་ཏེ་རྒྱབ་འཐེན། རྐང་བཀྱག་སོགས་སྟངས་སྟབས་རེ་རེར་མིང་བཏགས་པའི་ལུགས་སྲོལ་བྱུང་མེད། འཁོར་ཆགས་མ་ཎིའི་ཞི་དྲག་གཉིས་ཀྱི་འཁྲབ་ཁྱེར་ནི་དབུས་ཀྱི་སྐྱོར་མོ་ལུང་པའི་དལ་འཁྲབ་དང་མགྱོགས་འཁྲབ་གཉིས་དང་འདྲ་བ་ཞིག་གོ།

འཁྲབ་ཁྱེར་འཁྲབ་པའི་བྱ་ཚིག་ལ་དམིགས་བསལ་གྱིས་འཁྲབ་ཁྱེར་བཅག་ཅེས་འབོད་ཀྱི་ཡོད་དེ། ཞི་བའི་འཁྲབ་ཁྱེར་འཁྲབ་པར་ཞི་བ་བཅག དྲག་པོའི་འཁྲབ་ཁྱེར་འཁྲབ་པར་དྲག་པོ་བཅག་ཅེས་ཟེར་གྱི་ཡོད། འཁྲབ་ཁྱེར་གྱི་བེད་སྤྱོད་གཏོང་སྟངས་ཐད་རང་རང་གི་འགྲོ་སྟངས་ཤིག་ཡོད་དེ། རྔོན་པའི་ས་འདུལ་སྐབས་ཚང་མ་ཞི་བའི་འཁྲབ་ཁྱེར་བཅག་ཅིང་རྒྱ་ལུའི་བྱིན་འབེབས་སྐབས་ནས་ཞི་དྲག་བརྗེ་རེས་བྱས་ནས་བཏང་གི་ཡོད། དམིགས་བསལ་ཞུ་དགོས་པ་ཞིག་ལ་གཞུང་དངོས་ཀྱི་སྐབས་དབུས་ཀྱི་ལྷ་མོ་ཚོགས་པ་ཁག་གིས་དགེ་རྒན་གྱི་འདོད་པ་བཞིན་འཁྲབ་ཁྱེར་བསྐུལ་བ་དང་མི་འདྲ་བར་འཁོར་ཆགས་མ་ཎིར་རང་རང་གི་འགྲོ་ལུགས་ཤིག་བརྩི་སྲུང་བྱེད་དགོས་ཏེ། གཞུང་བསྲང་བའི་རྗེས་ཞི་བའི་འཁྲབ་ཁྱེར། མི་སྣ་གང་རུང་ཞིག་ཕྱག་ཕེབས་ཟིན་རྗེས་མི་སྣ་དང་དམངས་དཀྱུས་ལྷན་དུ་ཞི་བའི་འཁྲབ་ཁྱེར། ཡང་མི་སྣ་གང་རུང་ཞིག་རྣམ་ཐར་བཏང་ཚར་བའི་རྗེས་དྲག་པོ་དང་ཞི་བ་བརྗེ་རེས་ཀྱིས་འགྲོ་དགོས་པ་བཅས་སོ། །

བཞི། གཞུང་བཏང་སྟངས་ཀྱི་ཁྱད་ཆོས།

གཞུང་ཞེས་པ་དེ་སྲོལ་རྒྱུན་ཨ་ཅེ་ལྷ་མོ་བའི་ཁྲོད་གཙོ་བོ་འཁྲབ་གཞུང་ལ་ངོས་འཛིན་བྱེད་ཀྱི་ཡོད། གཞུང་བཏང་ཞེས་པ་ནི་འཁྲབ་གཞུང་གི་ནང་དོན་ལྟར་འཁྲབ་སྟོན་གྱི་ལས་ལ་འཇུག་པ་དེ་ལ་བརྗོད། འཁྲབ་གཞུང་གི་ཆ་ནས་བཤད་ན་ཨ་ཅེ་ལྷ་མོར་འཁྲབ་གཞུང་ཆེ་བ་བརྒྱད་ཅེས་ཡོངས་གྲགས་སུ་འདོད། འཁྲབ་གཞུང་ཆ་ཚང་ཉིན་གང་བཏང་བའི་འཁྲབ་སྟོན་རྣམ་པ་དེ་ལ་ཉིན་འཁྱོངས་འཁྲབ་སྟོན་ཞེས་ཟེར་ཞིང་ལྷ་མོ་བའི་ཁྲོད་གཞུང་ཆེན་བཏང་ཞེས་འབོད་ཀྱི་ཡོད། སྔོན་མ་ཡིན་ན་འཁོར་ཆགས་མ་ཎིས་གཞུང་བརྒྱད་པོ་ཆ་ཚང་བཏང་གི་ཡོད་པར་གྲགས་ཤིང་བོད་ཟླ་གཉིས་པའི་ཚེས་བཅུ་གཅིག་ནས་འགོ་ཚུགས་པའི་བུ་འདུས་ཆང[29]སྟེ་ཡུལ་དེའི་ཐུན་མིན་གྱི་དུས་ཆེན་སྐབས་འཁྲབ་སྟོན་རིམ་པར་བྱེད་པའི་སྲོལ་ཡོད། དེང་གི་སྐབས་སྔོན་མའི་གཞུང་བརྒྱད་ནས་གཞུང་གསུམ་ཉམས་ཆག་ཏུ་སོང་ནས་ད་ཆ་ཆོས་རྒྱལ་ནོར་བཟང་། པདྨ་འོད་འབར། དྲི་མེད་ཀུན་ལྡན། སྣང་ས་འོད་འབུམ། འགྲོ་བ་བཟང་མོ་བཅས་འཁྲབ་སྟོན་བྱེད་ཀྱི་ཡོད་དེ། བུ་འདུས་ཆང་སྐབས་འགྲོ་བ་བཟང་མོ་སོགས་རིམ་པར་འཁྲབ་ཅིང་གོང་གི་ཉིན་བཞིར་གཞུང་བཏང་བ་མ་གཏོགས་བཀྲིས་བཅད་སྲོལ་མེད། ཉིན་མཐའ་མ་ཆོས་རྒྱལ་ནོར་བཟང་འཁྲབ་ཕྲལ་བཀྲིས་གྲ་རྒྱས་པོ་ཞིག་བཅད་ཀྱི་ཡོད། བཀྲིས་བཅད་སྟངས་དེ་ཡང་དམིགས་བསལ་གྱི་ཁྱད་ཆོས་ལྡན་ཏེ། མི་ཀུན་གྱིས་ཤར་ལྷོ་ནུབ་བྱང་དབུས་བཅས་ཕྱོགས་ལྔ་ལ་གཏད་ནས་རིམ་པར་བཀྲིས་ཀྱི་རྣམ་ཐར་བཏང་སྟེ་ལྷ་རྒྱལ་འཐེན་དགོས། བཀྲིས་ཀྱི་རྣམ་ཐར་གཤམ་གསལ།

截屏2023-06-05至5.17.35.jpg

ཞེས་གོང་གི་རྣམ་ཐར་རིམ་པར་བཏང་སྟེ་ལྷ་རྒྱལ་འཐེན་ནས་ཞི་བའི་འཁྲབ་ཁྱེར་བཅག་སྟེ་རིམ་པར་འཕགས་ཆེན་བརྒྱབ་ནས་ཕྱག་འབུལ་ཞུས་ཏེ་ལོག་འགྲོ་ཡི་ཡོད།

ཡང་འཁོར་ཆགས་མ་ཎི་ཡི་གཞུང་བཏང་སྟངས་ཀྱི་ཁྱད་ཆོས་གཞན་ཞིག་ནི་བུ་ཆེན་གྱིས་གཞུང་བསྲང་བ་དེ་ཡིན། སྤྱིར་ཨ་ཅེ་ལྷ་མོའི་ཚོགས་པ་ཞིག་ཡིན་གཤིས་གཞུང་བསྲང་རྒྱུ་དེ་ནི་ལྷ་མོའི་དགེ་རྒན་གྱིས་གཙོ་བོར་འགན་བཞེས་དགོས་ཤིང་དགེ་རྒན་གྱིས་རྔོན་པ་གོན་ནས་གཞུང་བསྲང་བ་མང་ལ་ཡང་མི་སྣ་ཁག་གིས་གཞུང་བསྲང་པའི་སྲོལ་ཡང་མཆིས། འཁོར་ཆགས་མ་ཎི་ལ་ཆ་མཚོན་ན་བུ་ཆེན་གྱིས་འདོན་གྱི་སྣེ་འཁྲིད་དགོས་པ་མ་ཟད། ཉིན་གང་དོ་རར་ལངས་ནས་ལག་གཡས་ཀྱི་མདའ་དར་མ་བཞག་པར་གཞུང་བཏང་དགོས། བུ་ཆེན་གྱིས་གཞུང་བསྲང་པ་དང་ཆབས་ཅིག་འཁྲབ་གཞུང་ཁག་གི་བློན་པོ་ཡང་གཅིག་གཅོག་གིས་དོན་དགོས། དཔེར་ན་སྣང་ས་འོད་འབུམ་གྱི་འཁྲབ་གཞུང་ནང་དཔོན་པོ་སྒྲ་ཅན་ཕྱག་ཕེབས་སྐབས་བུ་ཆེན་གྱིས་བློན་པོ་བསོད་ནམས་དཔལ་བསྐྱེད་དོན་ནས་བློན་པོའི་འཁྲབ་སྟོན་ཚང་མ་བྱེད་དགོས། སྔོན་རབས་ཡིན་ན་འཁོར་ཆགས་མ་ཎིར་འཁྲབ་གཞུང་བློ་ལ་བཟུང་བའི་སྲོལ་མེད་པར་འཁྲབ་སྟོན་སྐབས་ཕྱག་དཔེ་ལག་ཏུ་ཁྱེར་ནས་གཞུང་བསྲང་གི་ཡོད། དེང་སྐབས་སུ་གཞུང་བློ་ལ་བཟུང་ནས་འཁྲབ་སྟོན་བྱེད་པའི་སྲོལ་ཆགས།

འཁོར་ཆགས་མ་ཎིའི་གཞུང་གི་ཁྱད་ཆོས་གཞན་ཞིག་ནི་འཁྲབ་སྟོན་སྐབས་ཡུལ་དེའི་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་སྒྱུ་རྩལ་བར་དུ་བཅུག་པ་དེའོ། །འཁོར་ཆགས་མ་ཎིའི་འཁྲབ་སྟོན་སྐབས་འཁོར་ཆགས་ཡུལ་གྱི་གར་ཤོན་གོ་རྩེད་སོགས་འཁྲབ་སྟོན་ནང་དོན་གྱི་དགོས་མཁོ་ལྟར་བཅུག་པ་མ་ཟད་འཁོར་ཆགས་ཡུལ་གྱི་དམིགས་བསལ་ཡུལ་སྲོལ་ཀྱང་མང་དུ་བཅུག་པ། དཔེར་ན་སྣང་ས་འོད་འབུམ་གྱི་འཁྲབ་གཞུང་སྐབས་ཡབ་ཀུན་བཟང་བདེ་ཆེན་དང་ཡུམ་མྱང་ཚ་གསལ་སྒྲོན་ཕྱག་ཕེབས་རྗེས་འཁོར་ཆགས་ཡུལ་གྱི་ཆང་གཞས་བཏང་དགོས་པ་དང་། དེས་མ་ཚད་འཁོར་ཆགས་ཡུལ་ནི་བལ་པོ་དང་ཐག་ཉེ་ཞིང་བལ་པོ་དང་ཚོང་ལམ་གྱི་འབྲེལ་བ་དམ་ཟབ་ཡིན་པའི་ཆ་ནས་འཁོར་ཆགས་མ་ཎི་འཁྲབ་སྐབས་བལ་པོའི་སྐད་དེ་འཁོར་ཆགས་ཡུལ་དུ་རོང་སྐད་དུ་གྲགས་པའི་སྐད་ཆ་ཡང་བར་དུ་བཅུག་པའི་སྲོལ་ཡོད་དེ། རྒྱལ་པོ་དྲི་མེད་ཀུན་ལྡན་གྱི་འཁྲབ་གཞུང་ནང་བྲམ་ཟེ་ཕྱག་ཕེབས་ནས་རྒྱལ་བུར་ལྟོ་གོས་སློང་སྐབས།བྲམ་ཟེ་དག་གིས་རོང་སྐད་བརྒྱབ་དགོས་པ་དང་། ལྷག་པར་རྒྱལ་བུས་སྦྱིན་པ་གནང་རྗེས་བྲམ་ཟེ་དག་ཤིན་ཏུ་དགའ་ནས་བལ་པོའི་ཞབས་བྲོ་འཁྲབ་པ་དང་ཡུལ་དེའི་ཐུན་མིན་གྱི་གོ་རྩེད་རྩེ་བ་སོགས་བྱེད་དགོས། ད་དུང་གཞུང་དེའི་ནང་བཙུན་མོ་མནྡེ་བཟང་མོ་ཁབ་ཏུ་བཞེས་སྐབས་སྤུ་རངས་ཡུལ་གྱི་གཉེན་སྲོལ་ལྟར་བཙུན་མོར་རྒྱན་ཆུང་ཞེས་པའི་རྒྱན་ཆ་གང་རྒྱས་གསོལ་བ། ཐོ་བསླངས་བ།[30] བག་ལེན་གྱི་གླུ་བཏང་བ་སོགས་བྱེད་དགོས། དེ་ནི་འཁོར་ཆགས་མ་ཎིའི་གཞུང་བཏང་སྐབས་ཀྱི་དམིགས་བསལ་ཁྱད་ཆོས་དག་གོ། 

གསུམ་པ། འཁོར་ཆགས་མ་ཎི་ལུགས་གང་ལ་གཏོགས་མིན་བཤད་པ།

འཁོར་ཆགས་མ་ཎི་ལུགས་གང་ལ་གཏོགས་མིན་སྐོར་བཤད་པ་ལ། འཁོར་ཆགས་ཀྱི་རྒན་རབས་ཚོས་འཁོར་ཆགས་མ་ཎི་ནི་རྒྱལ་མཁར་ལུགས་ཡིན་པ་དང་སྐྱོར་མོ་ལུང་པ་ཡིན་ཞེས་བཤད་སྲོལ་གཉིས་ཙམ་གསུངས། བོད་ཀྱི་ཨ་ཅེ་ལྷ་མོར་འཁྲབ་ལུགས་ཆེ་བ་བཞི་ཙམ་ལ་དབྱེ་བའི་སྲོལ་མཆིས་ཀྱང་ས་ཁུལ་ཁག་གི་ལྷ་མོ་ཚོགས་པར་རང་རང་གི་ཁྱད་ཆོས་ཟབ་མོ་ལྡན་པས་འཁྲབ་སྟོན་གྱི་རྣམ་པ་གཅིག་པུར་བལྟས་ནས་འཁྲབ་ལུགས་གཏན་འཁེལ་བྱེད་པ་དེ་ནི་ཤིན་ཏུ་དཀའ་མོ་ཞིག་རེད། དཔེར་ན་ས་ཆ་མང་པོ་ཞིག་ལ་སྐྱོར་མོ་ལུང་པའི་ལུགས་ཡིན་ཞེས་ཟེར་ཀྱང་དབུས་ཀྱི་སྐྱོར་མོ་ལུང་པའི་ཚོགས་པ་ཁག་དང་འཁྲབ་སྟངས་ཡེ་ནས་མི་འདྲ་བའི་ཚོགས་པ་མང་པོ་མཐོང་རྒྱུ་ཡོད། དེས་ན་འཁྲབ་ལུགས་གང་ཡིན་གསལ་ཆ་མེད་པའི་ཚོགས་པ་ཁག་ལ་རྟོག་ཞིབ་བྱེད་སྐབས་འཁྲབ་སྟོན་རྣམ་པ་ཙམ་ལས་བལྟས་ནས་བརྡར་ཤ་མི་བཅད་པར་ངེས་པར་དུ་དམངས་ཁྲོད་ངག་རྒྱུན་དང་ཡིག་ཆའི་རྒྱབ་བསྟེན་ཡོད་མེད་བལྟ་དགོས་སྙམ།

འཁོར་ཆགས་ཀྱི་འཁྲབ་ལུགས་དེ་རྒྱལ་མཁར་བ་དང་སྐྱོར་མོ་ལུང་ལུགས་ཡིན་ཞེས་ངག་རྒྱུན་དུ་བཤད་སྟངས་གཉིས་ཙམ་མངའ་བའི་རྣམ་པར་བལྟས་ན། དེ་ནི་འཁྲབ་གཞུང་གི་ཆ་དང་ཐོག་མའི་འབྱུང་ཁུངས་གཉིས་དང་འབྲེལ་བ་ཡོད་པར་སྙམ། ཐོག་མར་རྒྱལ་མཁར་བའི་ལུགས་ཡིན་ཞེས་པ་དེ་ལ་དཔྱད་ན། འཁོར་ཆགས་མ་ཎིས་ལྷ་གཞུང་ཆེ་གྲས་བརྒྱད་ཚང་མ་འཁྲབ་སྟོན་བྱེད་པའི་སྐོར་གསུངས་ཡོད་ཀྱང་། དེ་དག་གི་ནང་ནས་ཆོས་རྒྱལ་ནོར་བཟང་ནི་ཚོགས་པའི་ཆེས་ཐུན་མིན་གྱི་འཁྲབ་གཞུང་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། དེའི་རྒྱུ་མཚན་ཡང་སྤུ་རངས་ཡུལ་དུ་ནོར་བཟང་དང་འབྲེལ་བའི་གནའ་ཤུལ་ཤིན་ཏུ་མང་བ།[31] ཡང་སྒོས་དམངས་ཁྲོད་དུ་ཆོས་རྒྱལ་ནོར་བཟང་གི་གཏམ་རྒྱུད་བྱུང་ས་ཡང་ཡུལ་དེ་རང་ལ་ངོས་འཛིན་བྱེད་པས་སོ། །བོད་ཀྱི་ཨ་ཅེ་ལྷ་མོའི་འཁྲབ་རྒྱུན་ནང་ཆོས་རྒྱལ་ནོར་བཟང་ནི་དཔལ་ལྡན་རྒྱལ་མཁར་ཆོས་རྫོང་པའི་ཐུན་མིན་འཁྲབ་གཞུང་ཡིན་ཏེ། ནོར་བཟང་འཁྲབ་སྟོན་བྱེད་པའི་ཁུངས་གཏུགས་ས་ཡང་རྒྱལ་མཁར་བ་ལ་ཐུག་པ་ཡིན་པས་འཁོར་ཆགས་མ་ཎི་རྒྱལ་མཁར་བའི་ལུགས་ཡིན་ཞེས་བརྗོད་པ་རྒྱུ་མཚན་དེ་ལྟར་མིན་ནམ་སྙམ། གཞན་ཡང་སྐྱོར་མོ་ལུང་པ་ཡིན་ཞེས་བརྗོད་པ་དེ་ནི༡༩༠༠ལོར་དགོན་པའི་ཉམས་གསོའི་གྲུབ་སྟོན་སྟེང་དབུས་ཀྱི་སྐྱོར་མོ་ལུང་པ་སོགས་སྣེ་བསྡུས་ཀྱི་ལྷ་མོ་བས་རྣམ་ཐར་ཉིན་གཉིས་བཅས་དགའ་སྟོན་རྒྱ་ཆེར་བསྟར[32]བ་སྟེ། སྐྱོར་མོ་ལུང་པ་འཁོར་ཆགས་ལ་འཁྲབ་སྟོན་བྱས་པ་དང་དེ་ནས་རིམ་པར་ཡུལ་ལུང་དེ་གའི་མ་ཎི་བ་དག་ལ་ཤན་བཞུགས་པ་མིན་ནམ་སྙམ།

༢༠༡༢ལོར་འཁོར་ཆགས་མ་ཎི་ལྷ་སའི་ཞོ་སྟོན་དུ་བཅར་ནས་ལྗོངས་ཡོངས་ཀྱི་ལྷ་མོའི་འགྲན་འཁྲབ་སྐབས་དང་པོར་ཞུགས་ནས་ཕུལ་བྱུང་བྱ་དགའ་ཐོབ། ལྷག་པར་ཞིང་གཤེགས་སྒྱུ་རྩལ་མཁས་དབང་ཐུབ་བསྟན་ལགས་ནས་ཁྱོད་རྣམས་ལུགས་གང་ཡང་མི་འདྲ་བར་མངའ་རིས་རང་གི་ལུགས་ཤིག་ཡིན་ཟེར་ཆོག་ཅེས་གསུངས་པ་ལྟར། ཕྲན་གྱི་ལྟ་བར་ཡང་འཁོར་ཆགས་ལྷ་མོ་དེ་ནི་སྤྱི་ཏི་ལོ་ཆེན་གྱི་རྩ་བའི་འཁྲབ་ལུགས་ཐོག་སྐྱོར་མོ་ལུང་དང་རྒྱལ་མཁར་བ་སོགས་འཁྲབ་ལུགས་མི་འདྲ་བ་ཁག་གི་ཤན་ཞུགས་དང་ལྷག་པར་རང་ཡུལ་མཐའ་མཚམས་ལ་གནས་པའི་དམིགས་བསལ་ས་ཁམས་རྒྱུ་མཚན་གྱིས་བལ་པོ་སོགས་ཕྱི་རོལ་གྱི་སྣེ་མང་རིག་གནས་དང་རང་ཡུལ་ཕུལ་བྱུང་སྒྱུ་རྩལ་གོམས་སྲོལ་གྱི་ཁྲོད་རིམ་པར་དར་ཞིང་རྒྱས་པའི་ཨ་ཅེ་ལྷ་མོའི་འཁྲབ་རྒྱུན་ཐུན་མོང་མ་ཡིན་པ་ཞིག་ཡིན་པར་འདོད་དོ། །

མདོར་ན། སྤྱིར་བོད་ཀྱི་སྟོད་ཀྱི་ཡུལ་ལུང་ཁག་ཏུ་ཨ་ཅེ་ལྷ་མོར་མ་ཎི་ཞེས་འབོད་པའི་སྲོལ་ཆགས་པ་བཞིན་འཁོར་ཆགས་ཡུལ་དུ་དར་བའི་ཨ་ཅེ་ལྷ་མོར་རང་ཡུལ་དུ་འཁོར་ཆགས་མ་ཎི་ཞེས་བརྗོད། དེ་ནི་དེང་གི་མངའ་རིས་ས་ཁུལ་ཁོངས་སུ་དར་བའི་ཨ་ཅེ་ལྷ་མོའི་ཚོགས་པ་གཅིག་པུ་དེ་ཡིན། འཁོར་ཆགས་ཡུལ་གྱི་ཨ་ཅེ་ལྷ་མོ་དེ་ནི་ལ་དྭགས་སྤྱི་ཏིའི་ཡུལ་གྱི་སྤྱི་ཏི་ལོ་ཆེན་ཞེས་པའི་འཁྲབ་རྒྱུན་སློབ་སྦྱོང་བྱས་ནས་རིམ་པར་དར་བ་གསུངས། འཁོར་ཆགས་ཀྱི་ལྷ་མོ་ཐོག་མར་དར་བའི་དུས་ཚོད་རེ་ཞིག་ཆ་མ་འཚལ་ཡང་ཤེལ་དཀར་བཀའ་འགྱུར་བླ་མའི་རང་རྣམ་དུ་ཁོང་ཉིད་དགུང་གྲངས་ཞེ་ལྔ་པ་ས་བྱི་ལོ་ལ་འཁོར་ཆགས་ཇོ་བོ་མཆེད་གསུམ་ལ་ཉམས་གསོའི་གཟུངས་འབུལ་རབ་གནས་གནང་བར་ཕེབས་སྐབས་དབུས་ཀྱི་སྐྱོར་མོ་ལུང་པ་སོགས་སྣེ་བསྡུས་ཀྱི་རྣམ་ཐར་འཁྲབ་སྟོན་བྱས་པའི་སྐོར་འཁོད་པ་ལྟར། དེ་ནི་དམངས་ཁྲོད་དུ་འཁོར་ཆགས་ཀྱི་མ་ཎི་དེ་དགོན་པའི་བླ་མ་འཇམ་དཔལ་བསྟན་འཛིན་དབང་པོའི་སྐབས་དགོན་པ་ཉམས་གསོའི་གྲུབ་སྟོན་གནང་བ་དང་རྟེན་འབྲེལ་དུ་ལ་དྭགས་སྤྱི་ཏིའི་ལྷ་མོ་བ་གདན་དྲངས་ནས་རིམ་པར་སློབ་སྦྱོང་བྱས་པའི་གསུང་འགྲོས་དང་ཡོངས་སུ་མཐུན་ཏེ། དེ་ལས་འཁོར་ཆགས་མ་ཎི་ནི་ལྕགས་བྱི་ལོ་སྟེ་སྤྱི་ལོ༡༩༠༠ལོའི་ཡས་མས་སུ་རིམ་པར་དབུ་བརྙེས་པ་ཞིག་ཏུ་འདོད། འཁོར་ཆགས་མ་ཎིར་རང་རང་ཡུལ་ལུང་གི་དམིགས་བསལ་ཁྱད་ཆོས་མང་པོ་ལྡན་ཡོད་དེ། རོལ་དབྱངས་ཐད་རྣམ་ཐར་མགྲིན་འགུག་ཉུང་ཞིང་གདངས་འགྱུར་གྱིས་བརྟུལ་བ། རོལ་ཆ་རྔ་སྦུག་ཕུད་མདོ་སུར་སོགས་སྤྱོད་ནས་ཕུན་སུམ་ཚོགས་པ། འཁྲབ་ཁྱེར་ཐད་དམངས་དཀྱུས་ཞི་དྲག་གི་རྨང་གཞིའི་ཐོག་མི་སྣའི་ཁག་གི་འཁྲབ་ཁྱེར་སྣ་མང་ལྡན་པ། ལྷག་པར་འཁྲབ་སྟོན་ཐད་འཁོར་ཆགས་ཡུལ་གྱི་དམིགས་བསལ་སྒྱུ་རྩལ་རྣམ་པ་དང་ཕུལ་བྱུང་ཡུལ་གོམས་གཤིས་ལུགས་བཅུག་པ་སོགས་ཁྱད་ཆོས་ཟབ་མོ་ལྡན། སྤྱིར་བོད་ཀྱི་ཨ་ཅེ་ལྷ་མོར་འཁྲབ་ལུགས་དབྱེ་བའི་སྲོལ་མངའ་བ་ལྟར། འཁོར་ཆགས་མ་ཎི་བ་རྒན་རབས་དག་གིས་རང་ལུགས་སྐྱོར་མོ་ལུང་པ་དང་རྒྱལ་མཁར་ཆོས་རྫོང་པ་ཡིན་པར་གསུངས། ཡིན་ཡང་ཕྲན་གྱི་བསམ་ཚུལ་ལྟར་ན་གསུང་ཚུལ་དེ་ནི་འཁོར་ཆགས་མ་ཎི་བས་རྒྱལ་མཁར་བའི་ཆོས་རྒྱལ་ནོར་བཟང་གི་འཁྲབ་གཞུང་གཙོར་འཛིན་བྱས་པ་དང་སྐྱོར་མོ་ལུང་པ་དངོས་སུ་ཡུལ་དེར་སླེབས་ནས་འཁྲབ་སྟོན་བྱས་པའི་ཤན་ཞུགས་པ་ཡིན་པ་ལས་ལུགས་དེ་གཉིས་ཀྱི་ཁོངས་སུ་གཏོགས་ན་ཅུང་ཟད་མི་བདེ་བར་སེམས། གང་ལྟར་འཁོར་ཆགས་མ་ཎིའམ་ཨ་ཅེ་ལྷ་མོ་དེ་ནི་སྤྱི་ཏི་ལོ་ཆེན་གྱི་རྩ་བའི་འཁྲབ་ལུགས་ཐོག གཅུང་པའི་འཁྲབ་རྒྱུན་གྱི་རྨང་གཞི་དང་སྐྱོར་མོ་ལུང་དང་རྒྱལ་མཁར་བ་སོགས་འཁྲབ་ལུགས་མི་འདྲ་བ་ཁག་གི་ཤན་ཞུགས་དང་། ལྷག་པར་བལ་པོ་སོགས་ཕྱི་ཡི་རིག་གནས་ཁག་དང་རང་ཡུལ་གྱི་ཕུལ་བྱུང་སྒྱུ་རྩལ་གོམས་སྲོལ་གྱི་ཁྲོད་དུ་རིམ་པར་དར་འཕེལ་བྱུང་བའི་ཨ་ཅེ་ལྷ་མོའི་འཁྲབ་རྒྱུན་ཐུན་མོང་མ་ཡིན་པ་ཞིག་ཡིན་པར་འདོད་དོ། །

གཞན་ཡང་དེང་གི་ཆར་ངེས་པར་དུ་དོ་སྣང་བྱེད་དགོས་པ་ནི་ཐ་སྙད་ཀྱི་བེད་སྤྱོད་དེ་ཡིན། གོང་དུ་ཞུས་པ་བཞིན་བོད་སྟོད་ཀྱི་ས་ཁུལ་དག་ལ་ཨ་ཅེ་ལྷ་མོར་མ་ཎི་ཞེས་འབོད་ཀྱི་ཡོད། ཡིན་ཡང་དེང་གི་དུས་སུ་དམངས་ཁྲོད་དུ་ཨ་ཅེ་ལྷ་མོ་ཞེས་པའི་ཐ་སྙད་དེ་སྤྱོད་སྒོ་ཆེ་ལ་བརྡ་འཕྲོད་བདེ་བའི་ཆ་ནས་ཡུལ་ལུང་མང་པོའི་མང་ཚོགས་ནས་རང་འགུལ་ངང་རང་ཡུལ་གྱི་རྒྱུན་སྤྱོད་ཐ་སྙད་མ་ཎི་ཞེས་པ་དེ་ཨ་ཅེ་ལྷ་མོར་སྒྱུར་ནས་སྤྱོད་ཀྱི་ཡོད། སྤྱིར་ཐ་སྙད་དེ་གཉིས་ཡུལ་ལུང་དེ་དག་གི་ཆ་ནས་བཤད་ན་དོན་གཅིག་མིང་གི་རྣམ་གྲངས་ལྟ་བུ་ཡིན་ཡང་། མ་ཎི་ཞེས་པའི་འབོད་ཚུལ་དེ་ལ་དམིགས་བསལ་གྱི་ལོ་རྒྱུས་དང་ངོ་བོའི་མཚོན་དོན་མཆིས། དེས་ན་འབོད་ཚུལ་དེ་དག་དོར་ནས་ཐ་སྙད་གསར་འདོགས་སོགས་བྱས་ན་སྲོན་རྒྱུན་འབོད་སྲོལ་དེའི་ལོ་རྒྱུས་དོན་སྙིང་བརླག་འགྲོ་རྒྱུ་ཡིན་པས་དེ་ནི་ཤིན་ཏུ་མི་འཚམས་པ་ཞིག་ཏུ་འདོད། སྣང་ཚུལ་དེ་འཁོར་ཆགས་ཡུལ་དུ་བྱུང་ཡོད་པ་མ་ཟད་བོད་ཀྱི་ཡུལ་ལུང་མང་པོར་བྱུང་དང་བྱུང་བཞིན་པ་ལགས་ཏེ། དེས་མ་ཚད་དེང་གི་རིག་གཞུང་ཞིབ་འཇུག་དཔྱད་འབྲས་ཁྲོད་ཐ་སྙད་གསར་འདོགས་ལ་དད་པ་དང་ཐ་སྙད་འདོགས་མི་འཚམས་པ་སོགས་ཀྱི་གནས་ཚུལ་མང་པོ་བྱུང་བ་ཀུན་གྱི་མཐོང་ཆོས་ལྟར། དཔེར་ན་ཆབ་མདོར་དར་བའི་རྣམ་ཐར་འཆམ་ཞེས་པའི་ཟློས་གར་ལ་ཆབ་མདོའི་ཟློས་གར་ཞེས་བཏགས་པ་དང་།བཀྲིས་ཞོལ་པར་འབག་དཀར་པོ་ཞེས་འབོད་པ་ལྟ་བུ་དེ་དག་ཐམས་ཅད་དེང་རབས་ཀྱི་ཐ་སྙད་གསར་པས་སྲོལ་རྒྱུན་ཐ་སྙད་ཀྱི་ཚབ་བྱེད་པའི་དཔེ་མཚོན་ཤ་སྟག་ཡིན། དེས་ན་ཕྲན་གྱི་བསམ་པར་ཡུལ་ལུང་ཁག་གི་མང་ཚོགས་རྣམ་པས་རང་ཡུལ་དུ་མི་རབས་ནས་མི་རབས་བར་བརྒྱུད་པའི་སྲོལ་རྒྱུན་ཐ་སྙད་འབོད་ཚུལ་རྣམས་ལ་འགྱུར་བ་མ་བཏང་བར་བརྩི་སྲུང་བྱེད་དགོས་པ་དང་རིག་གཞུང་ཞིབ་འཇུག་པ་རྣམ་པས་ཞིབ་འཇུག་གནང་བའི་བརྒྱུད་རིམ་ཁྲོད་སྲོལ་རྒྱུན་འབོད་ཚུལ་ཡོད་རིགས་ལ་ཐ་སྙད་གསར་འདོགས་མ་གནང་བར་སྲོལ་རྒྱུན་འབོད་ཚུལ་དག་ལ་བརྩི་བཀུར་གནང་བར་འབོད་བསྐུལ་ཡང་བྱ་རྒྱུ་ཡིན་ནོ། །

___

དཔྱད་ཡིག་དང་མཆན་འགྲེལ།

[1]གྲུབ་ཆེན་ཐང་སྟོང་རྒྱལ་པོའི་ཕ་ཡུལ་ལ་སྟོད་བྱང་པའི་ཡུལ་ལུང་ཁག་དང་། དིང་རི་ཤེལ་དཀར་གྱིས་གཙོས་པའི་ལ་སྟོད་ལྷོ་པའི་ས་ཁུལ། ལྷ་རྩེའི་ས་ཁུལ་ཁག མཐོང་སྨོན་སྟོད་ཀྱི་ས་ཁུལ་ཁག གཉའ་ལམ་གྱི་ས་ཁུལ་ཁག ས་སྐྱའི་ས་ཁུལ་ཁག གཏིང་སྐྱེས་ཀྱི་ས་ཁུལ་ཁག དེ་བཞིན་མངའ་རིས་སྤུ་རངས་སོགས་ལ་དེ་ལྟར་འབོད་སྲོལ་མཆིས། འབོད་སྟངས་དེའི་སའི་ཆ་ནས་བལྟས་ན་མཐོང་སྨོན་སྟོད་ཡན་གྱི་ས་ཁུལ་དག་གི་འབོད་སྲོལ་ཞིག་ཡིན་པར་མཐོང་།

[2]སྤྱིར་གྲུབ་ཆེན་གྱི་བུ་སློབ་དྲགས་པའི་གྲས་ལ་བུ་ཆེན་ཞེས་འབོད་ཅིང་། ཕྱིས་སུ་ལ་སྟོད་ཀྱི་ས་ཆ་ཁག་ཏུ་བླ་མ་མ་ཎི་འཆད་གྱེར་གནང་མཁན་ལ་ཡང་བུ་ཆེན་ཞེས་བརྗོད།

[3]དེང་གི་དུས་སུ་མཐོང་རྒྱུ་ཡོད་པའི་རྣམ་ཐར་ཅུང་རྒྱས་པ་ཁག་སྟེ། གྲུབ་ཆེན་ཐང་སྟོང་རྒྱལ་པོའི་རྣམ་ཐར་གསལ་བའི་སྒྲོན་མེ་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་རྣམ་ཐར་ངོ་མཚར་རྒྱ་མཚོ་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་རྣམ་ཐར་ཀུན་གསལ་ནོར་བུའི་མེ་ལོང་སོགས་སོ། །

[4]གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན་ཞེས་བྱ་བ་བཞུགས་སོ་ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༦ལོའི་པར་ཐེངས་དང་པོ། ཤོག་ངོས༢༡ནང་གསལ།

[5]གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན་ཞེས་བྱ་བ་བཞུགས་སོ་ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༦ལོའི་པར་ཐེངས་དང་པོ། ཤོག་ངོས༢༥ནང་གསལ།

[6]དེ་ནི་གུ་གེ་མཁན་ཆེན་ངག་དབང་གྲགས་པས་མཛད་པའི་མངའ་རིས་རྒྱལ་རབས་སུ། པུ་ཧྲངས་སུ་ཁ་ཆར་ཡིད་བཞིན་ལྷུན་གྱི་གྲུབ་པའི་གཙུག་ལག་ཁང་ཞེས་གསལ་བ་ལྟར་རོ། །

[7]གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན་ཞེས་བྱ་བ་བཞུགས་སོ་ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༦ལོའི་པར་ཐེངས་དང་པོ། ཤོག་ངོས༡༣༥ནང་གསལ།

[8]གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན་ཞེས་བྱ་བ་བཞུགས་སོ་ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༦ལོའི་པར་ཐེངས་དང་པོ།  ཤོག་ངོས༡༣༩ནང་གསལ།

[9]ཚེ་རིང་རྒྱལ་པོ་སོགས་ཀྱིས་བརྩམས། འཁོར་ཆགས། ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༢ལོའི་པར་ཐེངས་དང་པོ། ཤོག་ངོས༡༩ནང་གསལ།

[10]ཡིག་ངོར་སྤྱི་ཏི་ཞེས་འཁོད་ཅིང་། མངའ་རིས་ཁ་སྐད་དུ་ཡ་བཏགས་དོར་བའི་སྲོལ་ཡོད་པས་ཁ་རྒྱུན་དུ་སྤི་ཏི་ཞེས་གྲགས། དེང་རྒྱ་གར་གྱི་ཞེ་མ་ཞེར་མངའ་སྡེར་གནས་སོ། །

[11]ངག་དབང་ཐུབ་བསྟན། འཁོར་ཆགས་དགོན་པ་ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༦ལོའི་པར་ཐེངས་དང་པོ། ཤོག་ངོས༩༡ནང་གསལ།

[12]ཤེལ་དཀར་བཀའ་འགྱུར་བླ་མ་ཚུལ་ཁྲིམས་རྒྱལ་མཚན་གྱི་རང་རྣམ། དགེ་སློང་ངག་དབང་བློ་བཟང་བསྟན་འཛིན་ཚུལ་ཁྲིམས་རྒྱལ་མཚན་གྱི་སྤྱོད་ཚུལ་དྲང་པོར་བརྗོད་པ་མྱོང་སྣང་འཁྲུལ་པའི་ཟློས་གར་ཞེས་བྱ་བ་བཞུགས་སོ་ཤིང་དཔར་མ། བརྒྱ་དང་བདུན་དང་བརྒྱ་དང་བཞི།

[13]མེ་སྐྱོན་ཤོར་བའི་དུས་ཚོད་དེ་ལ་ད་དུང་བཞེད་པ་གཞན་ཞིག་ཡོད་དེ།  དགེ་སློང་བསྟན་འཛིན་དབང་གྲགས་ཀྱིས་མཛད་པའི་སྟོད་མངའ་རིས་སྐོར་གསུམ་གྱི་ལོ་རྒྱུས་འབེལ་གཏམ་རིན་ཆེན་གཏེར་གྱི་ཕྲེང་བའི་ནང་། རབ་བྱུང་བཅོ་ལྔའི་ས་ཁྱི་(༡༨༩༨)ལོའི་ཧོར་ཟླ་་བཅུ་གཅིག་པའི་ཚེས་བཅུ་གཉིས་ཉིན་ཇོ་ཁང་ཡིད་བཞིན་ལྷུན་གྲུབ་ལ་མི་ཡི་འཇིགས་པ་བྱུང་བ་ཞེས་འཁོད། དེར་བཀའ་འགྱུར་བླ་མའི་གསུང་ལྟར་ས་བྱི་ལོ་ལྟར་བཞག་པ་ཡིན་ནོ། ། 

[15]དགེ་སློང་ངག་དབང་བློ་བཟང་བསྟན་འཛིན་ཚུལ་ཁྲིམས་རྒྱལ་མཚན་གྱི་སྤྱོད་ཚུལ་དྲང་པོར་བརྗོད་པ་མྱོང་སྣང་འཁྲུལ་པའི་ཟློས་གར་ཞེས་བྱ་བ་བཞུགས་སོ་ཤིང་དཔར་མ། བརྒྱ་དང་དགུ

[16]ཆོས་འཛོམས་ཀྱིས་བསྒྲིགས། ལ་དྭགས་རྒྱལ་རབས། ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༧ལོའི་པར་ཐེངས་དང་པོ། ཤོག་ངོས༤༣ནང་གསལ

[17]གོང་གསལ་སྤྱི་ཏི་ལོ་ཆེན་གྱི་འབྲེལ་ཡོད་ནང་དོན་རྣམས་དེང་འཁོར་ཆགས་སུ་བཞུགས་ཡོད་པའི་མེས་ཚེ་བརྟན་རྡོ་རྗེ་ལ་བཅར་འདྲི་ཞུ་སྐབས་གསུངས་པའོ། །

[18]འཁོར་ཆགས་ཏུ་བཞུགས་པའི་བགྲེང་སོང་མེས་ཚེ་བརྟན་རྡོ་རྗེར་བཅར་འདྲི་བྱེད་སྐབས། ལུག་རྫི། བུ་ཆེན། ཨ་མཆོད་ཅེས་མི་སྣ་གསུམ་གསུངས་པ་ལས། རིགས་ལྔ་དེ་ཨ་མཆོད་ཡིན་མིན་ད་དུང་དཔྱད་དགོས་སོ། །

[19]སྤུ་རངས་ཚོ་དྲུག་གི་ཡ་གྱལ་ཞིག་སྟེ་དེ་ལ་སྟོད་ཡུལ་དང་ལྟོ་གཡོ་སོགས་འབྲི་སྲོལ་མང་བར་སྣང་། 

[20]ཚེ་རིང་རྒྱལ་པོ་སོགས་ཀྱིས་བརྩམས། འཁོར་ཆགས། ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༢ལོའི་པར་ཐེངས་དང་པོ། ཤོག་ངོས༢༦༤ནང་གསལ། 

[21]ལིའུ་ཀྲི་ཆུན་སོགས་ཀྱིས་བསྒྲིགས། ཀྲུང་གོའི་ཟློས་གར་དེར་ཐེར། བོད་ལྗོངས་བམ་པོ། པེ་ཅིང་།  རིག་གནས་སྒྱུ་རྩལ་དཔེ་སྐྲུན་ཁང་། ༡༩༩༣ལོའི་པར་ཐེངས་དང་པོ། ཤོག་ངོས༢༣༧ནང་གསལ། 

[22]མངའ་རིས་ཀྱི་ཁ་སྐད་དུ་སྤོ་བོར་མེས་ཞེས་བརྗོད། 

[23]གཅུང་པ་བ། ཤངས་པ། རྒྱལ་མཁར་ཆོས་རྫོང་པ། སྐྱོར་མོ་ལུང་པ་བཅས་སོ། །

[24]དབུས་སྐད་དུ་སྤུ་མ་ཞེས་རས་འཚེམ་བརྒྱབ་པའི་ལྷམ་ཡུ་རིང་ནག་པོ་ཞིག་གོ 

[25]དེ་སྔོན་ནས་རྣམ་ཐར་གསུམ་རང་ལས་མེད་པ་ཡིན་ནམ་ཡང་ན་ཕྱིས་སུ་ཉམ་རྒུད་དུ་སོང་བ་ཡིན་པ་ཆ་མ་འཚལ་ལོ། །

[26]སྨོན་བཟང་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྒྲིགས། ཙནྡྲ་གོ་མི་སོགས་ནས་བརྩམས། རོལ་མོའི་བསྟན་བཅོས་ཕྱོགས་བསྒྲིགས་ལས་རོལ་མོའི་བསྟན་བཅོས་ཀྱི་འགྲེལ་པ། ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༩ལོའི་པར་ཐེངས་དང་པོ། ཤོག་ངོས༦༠ནང་གསལ།

[27]ཟླ་བ་བློ་གྲོས་ལ་བཅར་འདྲི། ༢༠༢༢ལོའི་ཟླ་པའི༨ཚེས༣ཉིན། འཁོར་ཆགས་གྲོང་ཚོ།

[28]ལྷ་མོ་བ་དམངས་ཀུན་ལྷན་དུ་འཁྲབ་པའི་འཁྲབ་ཁྱེར་ལ་བརྗོད།

[29]མངའ་རིས་སྤུ་རངས་ཡུལ་གྱི་སྲོལ་རྒྱུན་དུས་ཆེན་ཞིག་སྟེ། དེའི་འབྲི་སྟངས་སྐོར་ལ་བུ་འདུལ་ཆང་། བུ་མདུན་ཆང་སོགས་མང་བར་མཆིས། དེར་འཁོད་པའི་བུ་འདུས་ཆང་ཞེས་པའི་འབྲི་སྲོལ་དེ་ནི་སྔོན་མ་ཡུལ་དེའི་བུ་ཀུན་གྱི་འབྲུ་འདུས་ཏེ་ཆང་བཙོས་ནས་དུས་ཆེན་བཏང་བས་དེ་ལྟར་བརྗོད་པར་གྲགས། འཁོར་ཆགས་ཡུལ་ལ་ཆ་མཚོན་ན་སྔོན་རབས་བོད་ཟླ་གཉིས་པའི་ཚེས་བཅུར་ལྷ་གསོལ་སྐུ་ཕེབས། ཚེ་བཅུ་གཅིག་ཉིན་ཡུལ་དེའི་བུ་ཀུན་གྱིས་རང་གི་ཁྱིམ་སྟེང་ཐོག་ལྷ་གསོལ་བ་དང་དགོན་པར་དགྲ་ལྷ་གསོལ་བ་བཅས་བྱས་ནས་དགོན་པའི་སྒོ་རའི་ནང་བཞུགས་གྲལ་བསྒྲིགས་ཏེ་དུས་ཆེན་ཉིན་བཅུ་ལྷག་གཏོང་གི་ཡོད། དེའི་བར་མ་ཎི་འཁྲབ་པ། གར། ཤོན། འབྲོང་གསུམ་རྩེད་པ། གྲལ་གླུ་བཏང་བ་སོགས་རིག་རྩལ་གྱི་བྱེད་སྒོ་དང་། རྟ་རྒྱུགས་བཏང་བ་ཐག་པ་འཐེན་པ། བཤུ་ཕོ་ཏོག་རྩེ་བ་སོགས་ལུས་རྩལ་གྱི་བྱེད་སྒོ་སྤེལ་བ་སོགས་བྱེད་ཀྱི་ཡོད། དེང་གི་ཁ་སྐད་དུ་བུ་དུས་ཆེན་ཞེས་འཁོད་པ་ཡང་མཐོང་།

[30]མངའ་རིས་ཀྱི་གཉེན་སྲོལ་བག་མ་ལེན་སྐབས་ལམ་སྟེང་རྡོ་ཡི་ཐོ་བསླངས་ནས་ཐོ་རབས་ཀྱི་ལོ་རྒྱུས་གླུ་ཡིས་ལེན་པའི་སྲོལ་མཆིས་པ་དེའོ།

[31]སྤུར་རངས་ཁྲི་སྡེའི་འཁྲུངས་གཞིས་མཁར་ཞེས་ནོར་བཟང་རྒྱལ་པོའི་འཁྲུངས་ཡུལ་དང་། ཡིད་འཕྲོག་ལྷ་མོ་དགུང་ལ་འཕུར་ས་ཡིན་པར་གྲགས་པའི་དགུང་འཕུར་དགོན་པ། ཨ་མཆོད་ཧ་རིའི་གྲུ་གསུམ་སྒྲུབ་གནས་སོགས་ད་བར་ངོས་འཛིན་བྱེད་རྒྱུན་ཡོད།

[32]ཤེལ་དཀར་བཀའ་འགྱུར་བླ་མ་ཚུལ་ཁྲིམས་རྒྱལ་མཚན་གྱི་རང་རྣམ། དགེ་སློང་ངག་དབང་བློ་བཟང་བསྟན་འཛིན་ཚུལ་ཁྲིམས་རྒྱལ་མཚན་གྱི་སྤྱོད་ཚུལ་དྲང་པོར་བརྗོད་པ་མྱོང་སྣང་འཁྲུལ་པའི་ཟློས་གར་ཞེས་བྱ་བ་བཞུགས་སོ་ཤིང་དཔར་མ། བརྒྱ་དང་བདུན།

[དུས་དེབ་ཀྱི་རྩོམ་སྒྲིག་འགན་འཁུར་བ། ཕུན་ཚོགས་ཡོན་ཏན།]

རྩོམ་པ་པོ་ངོ་སྤྲོད།

64065.jpeg格式

བསྟན་འཛིན་ཡེ་ཤེས། བོད་ལྗོངས་ལྷ་སར་སྐྱེས། ཆུང་དུས་ནས་བོད་ཀྱི་སྲོལ་རྒྱུན་སྒྲ་སྙན་དཀྲོལ་གཏོང་དང་སྒྱུ་རྩལ་ཁག་ལ་སྦྱང་པ་བྱས་ཤིང་། སྔ་རྗེས་སུ་ལྷ་ས་ཞོལ་ལྷ་མོ་ཚོགས་པའི་དགེ་རྒན་མི་ཐོག་ལྔ་པ་སྤེན་པ་ཚེ་རིང་དང་སྤེན་པ་གཟིགས་སྣོན་སོགས་གཙོ་བོར་བསྟེན་ནས་སྲོལ་རྒྱུན་ཨ་ལྕེ་ལྷ་མོའི་སྒྱུ་རྩལ་ལ་སློབ་སྦྱོང་བྱས། ༢༠༡༩ལོར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་ནས་ཤེས་རམས་པའི་ཞིབ་འཇུག་སློབ་མའི་སློབ་གནས་བླངས་ཏེ། ད་ལྟ་སྲོལ་རྒྱུན་ཨ་ལྕེ་ལྷ་མོའི་རིག་གནས་འཛིན་སྐྱོང་སྤེལ་གསུམ་ལ་འབད་པ་བྱེད་མུས་ལགས་སོ། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།